བོད་པའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་ལས་སྔ་ཤོས་ང་ཚོ་ཡིན།

དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་ཟླ་འདིའི་ཕྱི་ཚེས་ ༤ ནས་ ༧ བར་བོད་པའི་བུད་མེད་རྩེད་འགྲན་རུ་ཁག་དང་རྒྱ་གར་བུད་མེད་རྩེད་འགྲན་རུ་ཁག་གཉིས་བར་རྐང་རྩེད་སྤོ་ལོ་རྩེད་འགྲན་བྱ་རྒྱུ་རེད།

དེ་རིང་སྔོ་དྲོའི་ཆུ་ཚོད་ ༡༠ སྟེང་། མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་ངོས་ནས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཟླ་འདིའི་ཚེས་ ༤ ནས་ ༧ ཉིན་བར། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ། བོད་པའི་བུད་མེད་རྩེད་འགྲན་རུ་ཁག་དང་རྒྱ་གར་བུད་མེད་རྩེད་འགྲན་རུ་ཁག་གཉིས་བར། སྐབས་གཉིས་པའི་བུད་མེད་རྐང་རྩེད་སྤོ་ལོ་རྩེད་འགྲན་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་དྲུང་ཆེ་གསར་བ་པ་སངས་རྒྱས་རྡོ་རྗེ་ལགས་ཀྱིས། བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ལ་རྐྱེན་ངོས་གཉིས་ཡོད་པའི་རྣམ་པ་འདྲ་བོ་ཞིག་ཡོང་གི་ཡོད་པ་དང་། བོད་རྒྱལ་ཡོངས་རྩེད་རིག་ཚོགས་པ་དེ་གཞུང་གི་ངོས་འཛིན་ཡོད་པའི་ཚོགས་པ་ཞིག་ཡིན་སྟབས། རྐྱེན་ངོས་དེ་རིགས་གསལ་བོ་བཟོ་རྒྱུ་དང་། མ་འོངས་པར་རྐྱེན་ངོས་དེ་འདྲ་མ་ཡོང་བ་བྱེད་རྒྱུ་ཡིན། ད་ལན་གྱི་བུད་མེད་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཁྲོད། བོད་པའི་བུད་མེད་རྩེད་འགྲན་རུ་ཁག་དང་རྒྱ་གར་བུད་མེད་རྩེད་འགྲན་རུ་ཁག་གཉིས་བར་རྩེད་འགྲན་བྱ་རྒྱུ་ཡིན་པ་དང་། ཐེངས་འདིའི་རྩེད་འགྲན་ནང་། ལྡེ་ར་རྡུན་དང་གྷོ་པལ་པུར། སྦེལ་ཀོབ་དང་དྷ་རམ་ས་ལ། བལ་ཡུལ་བཅས་ནས་འཛིན་རིམ་བཅུ་གཉིས་ཐོན་ཡོད་མེད་ཀྱི་བོད་པའི་སློབ་ཕྲུག་ཁག་ཅིག་དང་། རྒྱ་གར་ཧི་མ་ཅལ་དང་ཨམ་རེ་ཊི་སར་ནས་རྒྱ་གར་སློབ་ཕྲུག་རུ་ཁག་ཅིག་བཅས་མཉམ་ཞུགས་བྱས་ཡོད་པ་དང་། སྤྱིར་བཏང་བུད་མེད་རྐད་རྩེད་སྤོ་ལོའི་རྩེད་འགྲན་ནང་རྒྱ་གར་དང་ཕྱི་རྒྱལ་གྱི་རྩེད་འགྲན་པ་མང་པོ་མཉམ་ཞུགས་བྱེད་ཀྱི་ཡོད་ནའང་། ད་ལོར་ཟླ་གཅིག་གི་སྔོན་ནས་སློབ་གྲྭ་ཁག་མང་པོ་ཞིག་གུང་གསེང་བཏང་ཟིན་སྟབས། སློབ་ཕྲུག་མང་པོ་ཞིག་ད་ལོའི་རྩེད་འགྲན་ནང་ཞུགས་ཐུབ་མེད་པ་དང་བོད་རིགས་བུད་མེད་རྩེད་འགྲན་པའི་ཁྲོད་དུ། ན་ནིང་གི་རྩེད་འགྲན་པ་ཁག་ཅིག་དང་གསར་ཞུགས་རྩེད་འགྲན་ཁག་ཅིག་བཅས་བོད་པའི་བུ་མོ་ཉི་ཤུ་སུམ་བཅུ་ཙམ་ཡོད་པ་དང་། དེའི་གྲས་ནས་རྩེད་འགྲན་རུ་ཁག་ཅིག་འདེམས་སྒྲིག་བྱ་འཆར་ཡོད་འདུག

བོད་ཀྱི་བུད་མེད་རྐད་རྩེད་སྤོ་ལོ་དེ་བཞིན་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པ་དང་བུད་མེད་ལྷན་ཚོགས་གཉིས་མཉམ་རུབ་ཐོག་གོ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཕྱི་གླིང་བུ་མོ་ཁ་སེ་ (Cassie) ལགས་ཀྱི་བུད་མེད་རྩེད་འགྲན་རུ་ཁག་དེ་ ༢༠༡༥ ལོའི་རྗེས་སུ་བཙུགས་ཡོད་པ་དང་། བོད་པའི་བུད་མེད་རྐང་རྩེད་སྤོ་ལོ་དེ་བཞིན་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་ཙམ་ནས་ཚུགས་པའི་ལོ་རྒྱུས་ཡོད་སྟབས། ལྕམ་ཁ་སེ་ལགས་ཀྱི་བུད་མེད་རྩེད་འགྲན་རུ་ཁག་དེ་འདྲ་སྔོན་མ་ནས་བོད་པའི་སྤྱི་ཚོགས་ནང་ཡོད་པ་མ་ཟད། ༢༠༡༢ ལོ་ནས་བོད་སློབ་ཁག་ནས་བུད་མེད་རྩེད་འགྲན་རུ་ཁག་ ༡༥ ལྷག་བྱུང་ཡོད་པ་དང་། མ་འོངས་པར་བོད་པའི་བུད་མེད་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་བུའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་དང་གཅིག་པ་གཅིག་རྐྱང་བཟོས་ཏེ། བརྒྱུད་ལམ་ཁག་ནས་ཐད་གཏོང་བྱ་འཆར་ཡོད་སྐོར་སོགས་བརྗོད་སོང་།

བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་དྲུང་ཆེ་ཟུར་བ་སྐལ་བཟང་དོན་འགྲུབ་ལགས་ཀྱིས། ཁ་སེ་ (Cassie) ལགས་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རྩེད་འགྲན་རུ་ཁག་དེ་འདི་གར་སླེབས་ཡོད་པ་ཡོངས་གྲངས་ཡིན་ཡང་། ༢༠༡༥ རྗེས་སུ་ཁོ་མོའི་རྩེད་འགྲན་རུ་ཁག་དེ་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པ་དང་ཁ་ཁ་བྱས་ཏེ། ཁོ་མོ་རང་ངོས་ནས་རྩེད་འགྲན་རུ་ཁག་ཅིག་བཙུགས་ཡོད་པ་དང་། རྩེད་འགྲན་རུ་ཁག་དེ་ད་ལོར་ཨ་རིར་འགྲོ་བའི་ཆོག་མཆན་རག་མེད་ཀྱང་། ཕྱིས་སུ་ཁེ་ན་ཊར་འགྲོ་བའི་བཀའ་མོལ་ཞིག་ཡོད་པ་དང་། ཉེ་ལམ་ལྕམ་ཁ་སེ་ལགས་ཀྱི་རྩེད་འགྲན་རུ་ཁག་དེ་ཨ་རིར་འགྲོ་བའི་ཆོག་མཆན་མ་ཐོབ་པའི་སྐབས་དེར། ཨེ་ཕེ་གསར་འགོད་པས་རྩེད་འགྲན་རུ་ཁག་དེ་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་ཡིན་མིན་སྐད་ཆ་དྲིས་དུས། བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་ངོས་ནས་རུ་ཁག་དེའི་གནས་ཚུལ་གསལ་བོ་ཤེས་ཀྱི་མེད་པ་དང་། རུ་ཁག་དེ་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་མིན་པ་དང་། རུ་ཁག་དེ་ལ་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ངོས་ལེན་མེད་ཚུལ་བཤད་ཡོད་སྐོར། དེ་བཞིན། ལྕམ་ཁ་སེ་ལགས་ཀྱི་རྩེད་འགྲན་རུ་ཁག་དེ་ ༢༠༡༢ ནས་ ༢༠༡༥ བར་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པ་དང་མཉམ་འབྲེལ་བྱས་ཡོད་ནའང་། ༢༠༡༥ རྗེས་སུ་ཁ་ཁ་བྱས་ཡོད་པ་དང་། ན་ནིང་རྒྱ་གར་རུ་ཁག་གསུམ་དང་བོད་པའི་རུ་ཁག་གཅིག་རྩེས་ཡོད་པ་དང་། ད་ལོར་རྒྱ་གར་རུ་ཁག་གཉིས་དང་བོད་པའི་རུ་ཁག་གཉིས་བར་རྩེད་འགྲེན་བྱ་རྒྱུ་ཡིན་པ་དང་། མ་འོངས་པར་ལོ་རྒན་པའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་འདྲ་ཡང་འཛུགས་འཆར་ཡོད་སྐོར་སོགས་བརྗོད་སོང་།

སམ་བྷོ་ཊ་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་བུ་མོ་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས། ཁོ་མོ་རྐང་རྩེད་སྤོ་ལོ་རྩེ་བ་དེ་འཛིན་རིམ་དྲུག་པ་ནས་མགོ་བཙུགས་པ་དང་། སམ་བྷོ་ཊ་བོད་ཁྱིམ་རྩེད་རིག་དགེ་རྒན་སྤེན་པ་ཚེ་རིང་ལགས་ཀྱི་སྐུལ་འདེད་འོག ཁོ་མོ་ཐོག་མར་སློབ་གྲྭའི་རྐང་རྩེད་སྤོ་ལོའི་རུ་ཁག་ནང་ཞུགས་པ་དང་། དེའི་རྗེས་ཁོ་མོ་རྒྱ་གར་སློབ་གྲྭའི་ནང་རྩེད་མོ་གོ་སྒྲིག་ཞུས་པ་དེ་འདྲའི་ནང་མཉམ་ཞུགས་བྱས་པ་དང་། ༢༠༡༠ ལོ་ནས་མུ་མཐུད་བུད་མེད་རྐང་རྩེད་སྤོ་ལོ་རྩེས་ནས་སླེབས་ཡིན་པ་དང་། ༢༠༡༦ ལོར་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ནང་མཉམ་ཞུགས་བྱས་པ་དང་། སྤྱིར་བཏང་བུ་མོ་རྩེད་མོ་རྩེ་མཁན་མང་པོ་ཡོད་ནའང་། གོ་སྐབས་གཅིག་མ་གཏོགས་རག་གི་མེད་པ་དང་། བོད་པའི་མིང་ཐོག་ནས་རྩེད་མོ་རྩེ་གི་ཡོད་དུས། ཁོ་མོའི་སེམས་ནང་དགའ་སྣང་ཆེན་པོ་སྐྱེ་བ་དང་། བུའི་རྩེད་མོའི་སྐབས་སུ་ལྟ་མཁན་མང་པོ་ཡོད་པ་དང་། བུ་མོའི་རྩེད་མོའི་སྐབས་སུ་ལྟ་མཁན་ཧ་ཅང་ཉུང་བས། ཁོ་མོའི་སེམས་པ་སྐྱོ་བོ་བྱུང་བ་དང་། ད་ལོའི་རྩེད་འགྲན་སྐབས་སུ། ལྟ་མོ་བ་མང་པོ་ཡོང་བའི་རེ་བ་ཡོད་སྐོར་སོགས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༠༡

Leave a Reply