བོད་མི་ཐེར་འབུམ་བདུན། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་བསམ་ཚུལ།

བྲན་དའེ་མིང་ཐན་གྱིས་བརྩམས། རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་འཐད་གུས་པར་བསམ་ཚུལ་ཞིག་ཡོད་ཀྱང་སོ་སོའི་སེམས་ནང་ཉར་འདུག་ཡིན་རྒྱུ་མཚན་ནི་བསམ་ཚུལ་དེ་ནི་ངའི་རྒྱུན་གཏན་གྱི་བསམ་ཚུལ་དག་ལས་སྨྱོན་རྟགས་ཆེ་བ་ཞིག་རེད། གཟའ་འཁོར་སྔོན་མར་ངས་བྷོབ་ཐར་མན་དང་ཚེ་དབང་རྣམ་རྒྱལ་རྣམ་གཉིས་དང་གཞན་གྲོགས་པོ་འགར་བསམ་ཚུལ་དེ་བཤད་ཡིན། དེས་ཁོ་ཚོ་སེམས་འགུལ་ཐེབས་སོང་ལ་དྲ་ཐོག་སྤེལ་དགོས་སྐོར་གྱིས་སྐུལ་མ་ཡང་གནང་བྱུང་། དེས་ན་བསམ་ཚུལ་དེ་ནི་ངས་རང་ཉིད་ཀྱི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་བསམ་ཚུལ་ཏེ་ “བོད་མི་དུང་ཕྱུར་བདུན་ཅུ་” ཞེས་འབོད། སྐབས་རེར་ངས་དེ་ལ་ “གྷི་རིག་དཔེ་སྟོན” ཡང་རྗོད་ཀྱི་ཡོད། བསམ་ཚུལ་འདི་ནི་མིག་མཐོང་ལག་ཟིན་གྱི་གྷི་རིག་གི་རིག་གཞུང་སྲུང་སྐྱོབ་ལས་འཁོར་བྱུང་། ཨེ་ལེག་ཛན་ཌར་གྱི་གྷི་རིག་བཙན་པོའི་མངའ་རིས་ལོ་གཉིས་སྟོང་ལྷག་རིང་གཏོར་རྒོལ་ཕོག་ཡོད་རུང་གནའ་བོའི་གྷི་རིག་གི་རིག་གཞུང་གསོན་པ་ཙམ་མ་ཟད། ད་ལྟའི་བར་ལོ་གཉིས་སྟོང་ལྷག་དར་འཕེལ་བྱུང་དང་འབྱུང་བཞིན་ཡོད། གྷི་རིག་གི་ལྟ་གྲུབ་དང་། དད་མོས་དང་། རྩོམ་རིག་དང་། ཆབ་སྲིད་བསམ་བློ་དང་། བཟོ་བཀོད་དང་། ལྷ་སྒྲུང་དང་། སྐད་ཡིག་དང་། སྒྱུ་རྩལ་བཅས་པ་ནུབ་ཕྱོགས་པའི་རིག་གཞུང་ནང་ཡོངས་སུ་སིམས་ཡོད་པ་དང་ནུབ་ཕྱོགས་པའི་རིག་གཞུང་འཛམ་གླིང་རིག་གཞུང་དུ་གྱུར། དེས་ན་ང་ཚོ་ཚང་མར་གྷི་རིག་རིག་གཞུང་གི་ཁྲག་རྒྱུད་ཡོད་ཅིང་། འདི་ནི་དགེ་མཚན་ཞིག་རེད་རྒྱུ་མཚན་ནི་གྷི་རིག་རིག་གཞུང་གིས་ང་ཚོར་རིན་ཐང་བྲལ་བའི་དངོས་པོ་མང་གཙོའི་རིང་ལུགས་དང་། གཏན་ཚིགས་རིག་པ་དང་། དབྱིབས་རྩིས་རིག་པ་བཅས་བྱིན་ཡོད།

ངའི་བསམ་ཚུལ་ནི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཆེད་ “གྷི་རིག་དཔེ་སྟོན་” བཀོལ་རྒྱུ་དེ་རེད། ད་ལྟ་ནས་རྩིས་པའི་ལོ་བརྒྱའི་རྗེས་བོད་ཀྱི་རིག་གཞུང་འཛམ་བུ་གླིང་གི་རིག་གཞུང་སུ་སིམས་པའི་རེ་བ་དང་མི་ཚང་མས་ཡིན་ཤག་ཤག་གིས་ཡོངས་སུ་ཁས་ལེན་བྱེད་ངེས་སྙམ། ངས་བསམ་པར་དེ་ནི་འཛམ་བུ་གླིང་ལ་ཆེས་རིན་ཐང་བྲལ་བའི་ལེགས་སྐྱེས་ཤིག་ཏུ་འགྱུར་ངེས། གལ་ཏེ་ཕྱོགས་ཡོངས་ནས་ཉམས་སུ་བླངས་ཚེ་བོད་ཀྱི་རིག་གཞུང་ནང་དེང་རབས་འཇིག་རྟེན་འདིར་ཕན་བདེའི་གཞི་མར་འགྱུར་བའི་དངོས་པོ་མང་དུ་མཆིས། དཔེར་ན། བོད་ཁམས་ཡོངས་ཀྱི་སྙིང་རྗེ་ལ་དུང་ཞེན་ནི་ནང་སེམས་ཀྱི་ཡར་རྒྱས་ཀྱི་རིག་གཞུང་དང་ཞི་བདེ་དང་བརྟན་ལྷིང་གི་རྨང་གཞིར་འགྱུར། ཐ་ན་བོད་ཀྱི་སྒྱུ་རྩལ་དང་དཔེ་གསར་ཁོ་ནས་ཀྱང་འཛམ་གླིང་གི་དངོས་གྲུབ་ཏུ་གྱུར་ཡོད།

ངས་བསམ་པར་འབད་བརྩོན་བྱེད་རྒྱུར་ད་ལྟ་ནས་མགོ་འཛུགས་དགོས་པ་རེད་སྙམ། ད་ལྟ་ནི་དུས་ཚོད་དངོས་གནས་དམིགས་བསལ་བ་ཞིག་སྟེ་བོད་དེང་རབས་སྤྱི་ཚོགས་ནང་བཙན་གྱིས་སླེབས་ནས་ལོ་བཅུ་ཕྲག་འགའ་ལས་ཕྱིན་མེད་པ་དང་ཁོ་ཚོར་མཁྱེན་པའི་ཡོན་ཏན་རྫོགས་པའི་ཏཱ་ལའི་བླ་མ་ཞིག་ཡོད། བོད་མི་རིགས་ནི་ད་དུང་ཡང་སོ་སོའི་རིག་གཞུང་གི་རྩ་བར་འབྲེལ་བ་དམ་ཟབ་ཡོད་པ་དང་དུས་མཚུངས་དེང་རབས་འཛམ་གླིང་ལ་འབྲེལ་བའི་གཉན་འཕྲང་ཅན་གྱི་གནས་སྐབས་ཤིག་ན་ཡོད། ད་དུང་ཡང་རླབས་ཆེན་གྱི་བླ་མ་མང་པོ་འཚོ་ཞིང་བཞུགས་ཡོད་པ་དང་དགུང་ན་གཞོན་པ་དཔེར་ན། མི་འགྱུར་རིན་པོ་ཆེ་དང་ཀརྨ་པ་ལྟ་བུ་འགའ་ཞིག་མངོན་འགྱུར་འབྱུང་བཞིན་ཡོད།

ངའི་འཆར་སྣང་ལ་བོད་མི་ཚང་མ་བོད་ཀྱི་རིག་གཞུང་གི་སྐུ་ཚབ་རྩ་ཆེན་ཤག་སྟག་ཡིན་པ་དེ་རེད། བོད་པ་ཚང་མས་རང་ཉིད་ཀྱི་དམ་པའི་ཆོས་ཉམས་སུ་བླངས་ཤིང་བོད་ཀྱི་རིག་གཞུང་སོ་སོ་དང་བདག་ཉིད་དུ་འགྱུར་བ་བྱས་པ་དང་དེ་ནས་དེ་ཉིད་འཛམ་གླིང་ཧྲིལ་པོར་སྤེལ་དགོས། དེ་འདྲའི་འཇིག་རྟེན་ནང་བོད་མི་སུ་ཞིག་ཆག་སྒོ་ཅན་མ་ཡིན་པར་ཚང་མ་དགེ་བའི་བཤེས་གཉེན་དང་། ཞི་བདེ་དང་ཆོས་ཀྱི་མིག་དཔེ་གསོན་པོ་དང་། འགྲོ་བ་མིར་ལེགས་སྐྱེས་ཆེས་ཆེར་འབྱུང་པར་ལམ་སྟོན་པ་ཡིན། བོད་མི་ཚང་མ་གཞན་གྱི་ཆེད་རིན་པོ་ཆེ་དང་། གཞན་ཚོས་བོད་མི་ལས་བླངས་བྱ་ལེན། མཐར་ལེགས་པའི་ལམ་དེའི་ཐོག་ནས་སྐྱེ་བོ་ཀུན་གྱིས་གྷི་རིག་རིག་གཞུང་གི་ཁྲག་རྒྱུད་འཛིན་པ་བཞིན་བོད་ཀྱི་རིག་གཞུང་གི་ཁྲག་རྒྱུད་བཟུང་པར་འགྱུར། དེ་ནི་ངས་བསམ་པར་ “བོད་ཀྱི་དཀའ་རྙོག་” སེལ་ཐབས་ངོ་མཚར་ཅན་ཞིག་རེད་སྙམ།

དེ་ “ཇི་ལྟར་” བྱེད་ཅེས་པ་ནི་དྲི་བ་ཆེན་པོ་ཞིག་རེད།

དྲི་བ་འདིར་ལན་ནི་ཐོག་དང་པོར་ངས་རང་ཉིད་ཀྱི་བསམ་ཚུལ་བཤད་རྒྱུ་ཡིན། ལེགས་གྲུབ་ཡོང་དཀའ་བ་ལྟ་བུར་སྣང་སྟེ། དཔེར་ན། འཛམ་གླིང་འཕོ་འགྱུར་གཏོང་པའི་ཐོན་སྐྱེད་དམ་བཟོ་གྲྭ་འཛུགས་སྐྲུན། ཡང་ན་མ་དངུལ་ཕོན་ཆེན་གསོག་རྒྱུ་འམ་ཡང་བོད་མི་དུང་ཕྱུར་བདུན་ཅུ་བཟོ་རྒྱུ་ལྟ་བུ་རེད། དེ་ནི་མེ་ཏོག་བཞད་པ་ལྟར་རེད། མེ་ཏོག་བཙན་ཤེད་ཀྱིས་སྐྱེ་མི་སྲིད། བྱེད་དགོས་པ་ནི་མེ་ཏོག་བཞད་པར་མཐུན་རྐྱེན་རྣམས་བསྐྲུན་དགོས། དེ་ནས་མེ་ཏོག་རང་བཞིན་ཇི་ལྟར་བཞད་འདོད་ལྟར་བཞད་དུ་བཅུག་སྟེ་རང་ཉིད་ཀྱིས་ལྟ་འདུག་རྒྱུ་དེ་རེད། འབྲས་བུར་སྟངས་འཛིན་བྱེད་ཐུབ་སྙམ་པའི་བསམ་བློ་གཏོང་པ་ནི་ནོར་འཁྲུལ་ཞིག་རེད་ལ། དེ་དང་འདྲ་བར་འབྲས་བུར་སྟངས་འཛིན་བྱེད་མི་ཐུབ་པ་རྒྱུ་མཚན་དུ་བྱས་ཏེ་འབད་བརྩོན་ཚོད་ལྟ་ཙམ་ཡང་མི་བྱེད་པ་ཡང་ནོར་འཁྲུལ་ཞིག་རེད།

དེས་ན་ང་ཚོས་འདི་མངོན་འགྱུར་ཡོང་ཕྱིར་མཐུན་རྐྱེན་གང་བསྐྲུན་དགོས་སམ། ངའི་འདུན་མོས་ནི་པྲ་མི་ཏཱ་(པྲ་མི་ཏཱ་དག་ནི་ནང་པ་ཚོས་ཉམས་ལེན་བྱེད་པའི་ཕར་ཕྱིན་རེད་)བཅུ་ལས་བདུན་བླངས་ཡིན།

དང་པོ། སྦྱིན་པའི་ཕར་ཕྱིན།

གལ་ཆེའི་ནང་གི་དོན་ཆེན་ནི་བོད་པའི་སྤྱི་ཚོགས་ནང་བྱ་བ་འདིར་འབད་བརྩོན་བྱེད་དགོས་སྙམ་པའི་འདུན་པ་དང་ཡིད་ཆེས་ཤུགས་ཆེན་ཡོད་པ་དེ་རེད། བོད་ཀྱི་རིག་གཞུང་ནི་འཛམ་བུ་གླིང་ལ་ནོར་བུ་ཞིག་དང་བོད་མི་རིགས་ཀྱི་ལེགས་སྐྱེས་ཤིག་ཡིན་ཞིང་། རྒྱལ་ཁབ་ཅིག་གི་སྦྱིན་པ་འདིས་འཛམ་གླིང་བདེ་སྐྱིད་ལྡན་པའི་གནས་ཤིག་ཏུ་བསྐྲུན་ངེས།

བོད་ཀྱི་དབུ་ཁྲིད་རྣམས་ཀྱིས་བོད་མི་དུང་ཕྱུར་བདུན་ཅུའི་དམིགས་བྱ་ནི་བསྒྲུབ་ཏུ་ཡོད་པ་ཞིག་དང་འཛམ་གླིང་སྤྱི་ལ་ཕན་པ་ཞིག་ལ་དགོངས་པ་བཞེས་ཀྱིན་ཡོད། དེ་ལྟར་མཛད་ནུས་ཤིང་གནང་དགོས་ངེས་ཤིག་ཀྱང་རེད། བོད་རིགས་ཚོར་སྐུལ་མ་བྱེད་དགོས་པ་དང་བོད་པ་མི་དམངས་དཀྱུས་མ་ཚང་མས་བྱ་བ་དེ་བསྒྲུབ་འདུན་གྱི་བརྩོན་པ་བསྐྲུན་དགོས། ངས་བསམ་པར་འཛམ་གླིང་འདི་སྲུང་སྐྱོབ་བྱེད་རྒྱུའི་འདུན་པ་བསྐྱེད་པ་ཙམ་གྱིས་ཀྱང་ཡོངས་རྫོགས་འགྱུར་བ་འགྲོ་ངེས་རེད་སྙམ། གལ་ཏེ་བོད་མི་ཕལ་མོ་ཆེས་ “ངས་འཛམ་གླིང་འདི་གནས་ཡུལ་བཟང་པོ་ཞིག་ཏུ་འགྱུར་བ་བྱེད་འདོད་ཀྱི་འདུན་པ་སྐྱེད་ཅིང་ངའི་རིག་གཞུང་ནི་དེའི་ལྡེ་མིག་” རེད་བསམས་ཚེ་དེ་ཙམ་གྱིས་རླབས་ཆེན་གྱི་འགྱུར་བ་འབྱུང་ངེས། (ང་རང་སྒེར་གྱི་ཉམས་མྱོང་ལྟར་ན། འཛམ་གླིང་ཞི་བདེ་ཡོང་བའི་མཐུན་རྐྱེན་བསྐྲུན་རྒྱུར་རང་ཉིད་ཀྱི་མི་ཚེའི་ནང་འདུན་པ་བསྐྱེད་པ་དེས་རང་ཉིད་ཀྱི་མི་ཚེ་འཕོ་འགྱུར་ཕྱིན་སོང་།) ཡིད་ཆེས་དང་འདུན་པ་འདི་དང་རྒྱལ་ཡོངས་ཀྱི་གཏོང་སེམས་ཀྱི་རེ་འདོད་འདི་ནི་ཆ་རྐྱེན་ཨང་པོ་སྟེ་བོད་ཀྱི་དབུ་ཁྲིད་རྣམ་པ་ཁོ་ནས་བསྐྲུན་ནུས་པ་དེ་རེད། ངས་བསམ་པར་བོད་ཀྱི་རྒྱུད་པ་ནི་བྱང་ཆུབ་སེམས་དཔའི་རྒྱུད་པ་རེད། མི་རིགས་ཡོངས་རྫོགས་ནི་སྔ་ནས་དམ་པའི་ཆོས་སྲུང་པར་ལས་ལ་བསྐོས་ཤིང་ད་ཆ་དུས་ལ་བབ་པ་ཞིག་སྟེ་དམ་ཆོས་འཛམ་གླིང་སྤྱི་ལ་སྤྱན་འདྲེན་ཞུ་རྒྱུ་དེ་རེད། མི་རིགས་ཡོངས་རྫོགས་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། འགྲོ་བ་གཞན་རྣམས་གྲོལ་ཕྱིར་སྡུག་བསྔལ་དང་དུ་ལེན། དེར་བརྟེན། ངས་གྲོགས་པོ་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་རྩ་ཆེའི་ལས་དབང་རྣམ་པར་སྨིན་པར་བྱེད་དགོས་པའི་སྐུལ་མ་ཞུ། ང་ཚོ་གཞན་ཚོས་བོད་རིགས་གྲོགས་པོ་རྣམས་ལ་དེ་ལྟར་བསྒྲུབ་པར་རམ་འདེགས་ཞུ་དགོས།

གཉིས་པ། ཚུལ་ཁྲིམས། གསུམ་པ། བསམ་གཏན། བཞི་པ། ཤེས་རབ་ཀྱི་ཕར་ཕྱིན།

ཆ་རྐྱེན་དང་པོ་དང་གཉིས་པ་འབྲེལ་བ་ཆེ་ཞིང་བོད་མི་ཚང་མའམ་ཕལ་མོ་ཆེ་ནི་དམ་ཆོས་ཉམས་སུ་ལེན་མཁན་སྙིང་རུས་ཅན་དང་སེམས་བསྐྱེད་ཅིང་ཤེས་རབ་ཀྱིས་ཟིན་པ་ཤ་སྟག་རེད། ཉུང་མཐར་ཀུན་གྱིས་ཉིན་ལྟར་ཞི་གནས་ཀྱི་ཆ་འགའ་ཞིག་ཉམས་ལེན་བྱེད་དགོས་པ་དང་། ཉིན་རེར་བརྩོན་འགྲུས་དང་འཚེ་བ་མེད་པའི་ཆོད་སེམས་འགའ་ཞིག་སྙིང་བཅངས་བྱེད་དགོས། ངའི་འཆར་སྣང་ལ་བོད་ཀྱི་རིག་གཞུང་གི་སྙིང་པོ་ནི་སེམས་དང་རྣམ་དཔྱོད་ཀྱི་རིག་གཞུང་ཞིག་དང་ཞི་བདེའི་རིག་གཞུང་ཞིག་ཀྱང་རེད། དེས་ན་ཇི་སྲིད་བོད་མི་ཚོས་དམ་པའི་ཆོས་ཉམས་སུ་བླངས་པ་དེ་སྲིད་རིག་གཞུང་འདི་ནམ་ཡང་འཇིག་མི་སྲིད་ཅིང་། མཐར་འདི་དར་འཕེལ་བྱུང་ངེས། གལ་ཏེ་བོད་མི་ཚོས་ཆོས་ཀྱི་ཉམས་ལེན་ཚད་དང་ལྡན་པ་ཞིག་མ་གནང་ཚེ་རིག་གཞུང་འདི་སྐད་ཅིག་ལ་འཇིག་པར་འགྱུར་རོ།།

ལྔ་པ། ཐབས།

ཆ་རྐྱེན་ཕྱིས་མ་འདི་ནི་འཛམ་གླིང་གི་རིག་གཞུང་དང་ཡོངས་སུ་རྗེས་མཐུན་དང་སིམ་པར་འགྱུར་པ་ཞིག་ཡིན། ང་ཚོས་ཤེས་དགོས་པ་ནི་བོད་ཀྱི་རིག་གཞུང་ནི་དེང་རབས་རིག་གཞུང་དང་ཐུན་མོང་དུ་མཉམ་སྤྱོད་བྱེད་དུ་མེད་པ་ཞིག་མ་ཡིན་པ་དེ་རེད། དཔེར་ན། བོད་རིགས་ཨ་རི་བ་གཞོན་སྐྱེས་ཞིག་ལ་མཚོན་ན་སོ་སོའི་ཁུངས་བོད་པ་དང་ཨ་རིའི་མི་ཚེ་གཉིས་ལས་གཅིག་འདམ་ག་བྱེད་མི་དགོས་ཤིང་། གཉིས་ཀ་བདམས་ཏེ་ཕྱོགས་གཉིས་བར་ཕན་ཚུན་གཅིག་ཕན་གཅིག་གྲོགས་སུ་འགྱུར་བ་བྱེད་ཆོག འདི་ནི་བོད་མི་དུང་ཕྱུར་བདུན་ཅུའི་དམིགས་ཡུལ་བསྒྲུབ་པར་གལ་འགངས་ཅན་ཞིག་ཡིན། དེའི་དོན་ནི་བོད་ཀྱི་རིག་གཞུང་གི་སྙིང་པོ་ལེགས་པར་དེང་རབས་རིག་གཞུང་དང་རྗེས་སུ་མཐུན་པར་འགྱུར། དེ་ནི་ངས་གང་བསམ་པ་དེ་རེད། འོན་ཀྱང་། དོ་ཁུར་ཅན་གྱི་མི་སྣ་ཚོས་རང་ངོ་རང་ཤེས་དགོས་པ་རེད། ངས་བསམ་པར་དེ་མངོན་དུ་འགྱུར་བཞིན་འདུག་སྙམ། དཔེར་ན། མི་འགྱུར་རིན་པོ་ཆེ་དང་ཀརྨ་པ་རྣམ་པ་གཉིས་ཀ་སོ་སོའི་སྲོལ་རྒྱུན་གྱི་བསླབ་པ་ཡང་དག་པ་དང་། གཏིང་ཟབ་མངའ་པར་མ་ལྟོས་པར་ནུབ་ཕྱོགས་པའི་རིག་གཞུང་ལ་སྟབས་མི་བདེ་པ་མི་མཛད། གཞན་མི་སྐྱ་ཚེ་དབང་ལྟ་བུ་མང་པོ་ཞིག་གིས་བོད་ཀྱི་ཁྱད་ནོར་དང་ཉིན་རེའི་བོད་མིའི་བྱ་སྤྱོད་དང་མཉམ་དུ་སྟབས་བདེ་པོས་དེང་རབས་སྤྱི་ཚོགས་ནང་མི་ཚེ་སྐྱེལ་བཞིན་ཡོད།

ཆ་རྐྱེན་འདིས་ང་ཚོས་འཛམ་གླིང་སྤྱི་ལ་ཕན་ཐོག་ཅི་ཞིག་འདྲེན་མིན་ཐད་གཙོ་དམིགས་བྱེད་དགོས་པ་མཚོན་པ་དང་ཆབས་ཅིག་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ནི་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ནམ་རྦ་རླབས་ཤིག་ཡིན་པ་ལས་གཞན་གང་ཡང་མིན་པ་དེ་རེད། བླངས་བྱ་འདི་ནི་ངས་དགོས་དགུ་(Google)སྤྱི་གཉེར་ཁང་དུ་ལས་དོན་གཉེར་སྐབས་སྦྱངས་པ་ཡིན། ངས་ཤེས་རྟོགས་བྱུང་བ་ནི་གཙོ་དམིགས་བྱེད་ས་མི་མང་དཀྱུས་མ་དང་ཚོགས་པ་ཁག་གི་སོ་སོའི་ཁེ་དབང་ལེགས་གྲུབ་ཡོང་སླད་རོགས་རམ་བྱེད་པ་དང་ལྷན་དུ་འཛམ་གླིང་ཞི་བདེའི་ཆེད་དུ་མཐུན་རྐྱེན་བསྐྲུན་རྒྱུར་ངེས་པར་མཁོ་བ་དང་། གཡོལ་ཐབས་མེད་པའི་ཤུགས་རྐྱེན་ནམ་རྦ་རླབས་ཤིག་ཡིན་པ་ལས་དེ་ལས་ལྡོག་པ་ཞིག་མིན། རྒྱུ་མཚན་ནི་གལ་ཏེ་དེ་ལས་ལྡོག་པ་ཞིག་ཡིན་པར་འགྱུར་ན་ནི། ལེགས་གྲུབ་ནམ་ཡང་འབྱུང་མི་སྲིད། འདི་ནི་ཐབས་རེད།

ང་ཚོས་འཛམ་བུ་གླིང་ལ་ལེགས་སྐྱེས་ཅི་འདྲ་ཞིག་འབུལ་ཐུབ་མིན་ལ་བསམ་བློ་གཏོང་དགོས། དཔེ་མཚོན་འདི་དག་ནི་སེམས་ངལ་གསོ་པ་དང་ཀླད་པའི་ཚན་རིག་སྟེ་བྱ་བ་བྱེད་བཞིན་པ་རེད། འོན་ཀྱང་། ངས་འདི་ལས་ལྷག་ཚོད་བྱེད་ཐུབ་བམ། ང་ཚོས་ལས་དོན་གཉེར་སར་ཕན་པ་ཅི་བྱེད་ཐུབ་བམ། (ངས་གཉེར་བའི་ལས་ཀ་ནི་སེམས་ཚོར་ཤེས་རབ་ཀྱི་འཕེལ་རྒྱས་སྐོར་རེད་)། ང་ཚོས་མི་རྣམས་འབྲེལ་མོལ་བྱེད་མཁས་པའམ་བར་སྡུམ་བྱེད་མཁས་པ་ཆགས་པར་རོགས་རམ་ག་རེ་བྱེད་ཐུབ་བམ། ང་ཚོས་ཇི་ལྟར་མི་རྣམས་མགོ་ཁྲིད་བཟང་པོར་འགྱུར་བར་རམ་འདེགས་ག་རེ་བྱེད་ཐུབ་བམ། ང་ཚོས་འཛམ་གླིང་གི་སྒྱུ་རྩལ་དང་། རོལ་དབྱངས་དང་། རྩོམ་རིག་དང་། དཔེ་གསར་བཅས་ལ་ལེགས་སྐྱེས་ཅི་འདྲ་ཞུ་ཐུབ་བམ། རིག་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཆེད་ཕན་ཅི་ཞིག་ཐོག་གམ། ང་ཚོར་སྙིང་རྗེ་ཆེད་འོས་འགན་ཅི་ཞིག་ཡོད་དམ། ང་ཚོས་འཛམ་གླིང་ལ་སྨན་པའི་ལས་དོན་མང་པོ་བསྒྲུབ་རྒྱུ་ཡོད། ང་ཚོས་ཇི་ལྟར་གཞན་ལ་ཕན་ཐོག་ཐུབ་པ་བྱེད་བསམ་པ་བསྐྱེད་པ་དང་འབད་རྩོལ་དེས་བོད་ཀྱི་རིག་གཞུང་དར་འཕེལ་ཡོང་པར་རམ་འདེབས་སུ་གྱུར་རོ།།

དྲུག་པ། བརྩོན་འགྲུས། བདུན་པ་། བཟོད་པ།

ང་ཚོས་འཛམ་བུ་གླིང་གི་ཆེད་དུ་རླབས་ཆེན་གྱི་བྱ་བཞག་ཅི་ཞིག་བསྒྲུབ་ཐུབ་པ་ངོས་འཛིན་བྱས་ཏེ། བྱ་བཞག་སྤུས་ཚད་མཐོ་ཤོས་དག་བསྒྲུབ་པར་བརྩོན་འགྲུས་བྱེད་དགོས། ངས་བསམ་པར་དེ་འདྲ་བྱུང་དང་འབྱུང་བཞིན་པ་རེད། དཔེར་ན། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མི་འགྱུར་རིན་པོ་ཆེའི་ཕྱག་དེབ་ཁག་ནི་བྱ་བཞག་སྤུས་ཚད་མཐོ་ཤོས་ཡིན་ཞིང་། སྙན་གྲགས་ཀྱིས་ས་སྟེང་ཁྱབ་ཀྱིན་ཡོད། རང་ཅག་མང་པོས་མ་འོངས་འབྱུང་འགྱུར་ལེགས་གྲུབ་སྔར་ལས་མང་བ་ཡོང་ཕྱིར་འགྲུབ་འབྲས་མ་ལུས་པ་ཆ་རྐྱེན་དུ་བསྐྲུན་པ་དང་། འཐབ་ཕྱོགས་སྣ་མང་གིས་ལས་དོན་བླ་ལྷག་བསྒྲུབ་ནུས། དཔེར་ན། བོད་ཀྱི་སེམས་འགུལ་ཐེབས་པའི་རོལ་དབྱངས་བརྙན་འཕྲིན་ཞིག་ལའང་གྷར་མི་(Grammy)གཟེངས་བསྟོད་བྱ་དགའི་རིན་ཐང་ལྡན། འདི་ནི་བརྩོན་པ་སྤྱིར་བཏང་བ་ཞིག་མིན། འདི་ནི་འཛམ་གླིང་ཡག་པོ་ཞིག་བསྐྲུན་སླད་ཀྱི་བརྩོན་པ་ཞིག་ཡིན། བྱ་འགུལ་འདི་རིགས་བརྒྱུད་དེ་བོད་ཀྱི་རིག་གཞུང་དར་འཕེལ་ལ་རམ་འདེགས་སུ་གྱུར་ནུས། འདི་ནི་གཏོང་སེམས་དང་སྙིང་རྗེའི་བརྩོན་འགྲུས་རེད། འབད་རྩོལ་འདི་ནི་སྦྱིན་པ་དང་སྙི་རྗེ་ལས་བསྐྱེད་པ་ཡིན་པས་འདི་ནི་བརྩོན་འགྲུས་ཡིན།

མཐའ་དོན་ངས་སླར་ཡང་དྲན་སྐུལ་ཞུ་རྒྱུར་བརྩོན་པའི་སྟོབས་འདི་འདྲ་ལྡན་འགྱུར་ཀྱང་། ང་ཚོས་འབྲས་བུ་ལ་སྟངས་འཛིན་བྱེད་མི་ཐུབ། གང་ང་ཚོས་བྱེད་ཐུབ་པ་ནི་ང་ཚོའི་སེམས་རྒྱུད་རྟག་ཏུ་སྙིང་རྗེ་ཟིན་པ་ཞིག་དགོས། དེས་འབྲས་བུ་ཡག་པོ་ཡོང་པར་མཐུན་པའི་རྐྱེན་བྱེད་པ་དང་། དེ་ནི་ཇི་ལྟར་མངོན་དུ་འགྱུར་བ་དེ་ལྟར་འབྱུང་དུ་བཅུག་དགོས། འདི་ནི་བཟོད་པ་ཡིན།

ངས་བསམ་པར་འདི་ནི་བོད་མི་དུང་ཕྱུར་བདུན་ཅུ་བཟོ་རྒྱུའི་ཕར་ཕྱིན་བདུན་ནོ།། གོང་གི་ཆ་རྐྱེན་དག་བསྐྲུན་ཚེ་ “ཇི་ལྟར་”ཞེས་པའི་དྲི་བར་ལན་རང་བཞིན་ཐེབས་ངེས་རེད།། །།

མ་རྩོམ་གྱི་དྲ་ཐག http://chademeng.com/meditation/7-billion-tibetans-an-idea-for-preserving-tibetan-culture/

རྩོམ་པ་པོ་བྲན་དའེ་མིང་ཐན་ནི་དགོས་དགུ་(Google)སྤྱི་གཉེར་ཁང་གི་བཟོ་བཀོད་པ་དང་སེམས་སྐུལ་སྦྱིན་མཁན་ཞིག་ཡིན། ཁོང་གིས་དགོས་དགུ་སྤྱི་གཉེར་ཁང་དུ་ལོ་བརྒྱད་རིང་བཟོ་བཀོད་ཀྱི་ལས་གཞི་གཉེར་པ་དང་།ལས་མི་ཚོར་སེམས་སྐུལ་དང་འབྲེལ་བའི་སློབ་སྟོན་གནང་ཞིང་། དགོས་དགུ་སྤྱི་གཉེར་ཁང་གི་ལས་མི་ཚོར་བློ་སྦྱོང་སློབ་ཁྲིད་ཀྱི་བྱ་བཞག་ཐོག་ནས་མཚན་སྙན་གྲགས་ཆེན་པོ་ཆགས། བློ་སྦྱོང་སྐོར་ཕྱག་དེབ་སྐད་གྲགས་ཅན་ ནང་གི་རང་ཉིད་འཚོལ་བ་ཞེས་པ་ལྟ་བུ་མང་པོ་བརྩམས་ཡོད། དེང་སྐབས་ཁོང་ནི་སྐྱེ་བོ་སྒེར་གྱི་བདེ་དོན་གོང་འཕེལ་གྱི་ཆེད་བདེ་སྐྱིད་དང་། སྒོམ། འཛམ་གླིང་ཞི་བདེ་བཅས་དར་འཕེལ་གོ་རྟོགས་འཕེལ་གནང་མཁན་ཞིག་ཡིན། ཁོང་གིས་སྤེལ་པའི་ལས་འགུལ་དུང་ཕྱུར་གཅིག་གི་འཛམ་གླིང་ཞི་བདེའི་བྱ་བ་ཞེས་པ་ཕྱི་ལོ་ ༢༠༡༥ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ལ་ཞི་བདེའི་གཟེངས་རྟགས་བཞེས་མི་དྲུག་གིས་གདམ་བཏོན་བྱུང་ཡོད།

བསྐྱར་བཅོས།: ༢༠༡༧/༠༣/༡༨

Leave a Reply