བོད་མི་ཞིག་གིས་རང་ལུས་མེར་བསྲེཊ་གནང་འདུག

ད་ེརིང་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞིག་གིས་རྒྱ་ནག་གཞུང་གི་བཙན་གནོན་སྲིད་བྱུས་ལ་ཞི་རྒོལ་གྱིས་སྐུ་ལུས་མེར་བསྲེགས་གནང་ཡོད་འདུག

འདི་གར་བྱང་ཆུབ་སེམས་དཔའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། དེ་རིང་ཞོགས་པར་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཞིག་གིས་སྐུ་ལུས་མེར་བསྲེགས་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་བསླེབས་ནས་ལུས་སྟེང་གི་མེ་བསད་དེ་བཙན་འཁྱེར་བྱས་ཡོད་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་ས་གནས་ཀྱི་བརྒྱུད་ལམ་ཁག་ལ་བཀག་སྡོམ་ནན་པོ་བྱེད་བཞིན་ཡོད་སྟབས། ཁོང་ཤི་གསོན་གང་ཡིན་དང་ཁོང་གི་མཚན་ལ་ག་རེ་ཞུ་ཡི་ཡོད་པ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་། ཕྱི་རུ་བསླེབས་པའི་ཡུལ་དངོས་ཀྱི་བརྙན་ཐུང་ནང་དམིགས་བསལ་ཉེན་རྟོག་པ་ཁག་ཅིག་གིས་ཁོང་གི་ལུས་སྟེང་གི་མེ་གསོད་ཀྱིན་འདུག་ལ། ཉེན་རྟོག་པ་ཞིག་གིས་མཐའ་འཁོར་དུ་ཡོད་པའི་མི་མང་ནང་དབྱུག་པ་རིང་པོ་ཞིག་བཟུང་སྟེ་རྒྱུག་ཕྱིན་པ་དང་། ཕར་ལྟ་ཚུར་ལྟ་བྱས་ཏེ་གཡས་གཡོན་གྱི་འགྲུལ་བ་ཚོའི་འགྲོ་འདུག་སྤྱོད་གསུམ་ལའང་ལྟ་སྲུང་དང་དོགས་གཟོན་བྱེད་ཀྱི་ཡོད་པ་སོགས་མཐོང་གི་འདུག

ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་ ༢༤ ཙམ་ལ་སོན་པའི་བོད་མི་པདྨ་རྒྱལ་མཚན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་ཡོད་པ་དང་། དེ་མ་ཐག་རྒྱ་གཞུང་ཉེན་རྟོག་པས་ཁོང་བཙན་འཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་རེད། ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རྒྱ་གཞུང་གི་བཙན་གནོན་སྲིད་བྱུས་ལ་ཞི་རྒོལ་གྱིས་སྐུ་ལུས་མེར་སྲེག་གནང་མཁན་ཁྱོན་ ༡༤༧ བྱུང་བ་ཕྱི་ནས་ཤེས་རྟོགས་གསལ་པོ་བྱུང་ཡོད་པ་དང་། དེའི་ནང་ནས་བོད་མི་ ༡༢༥ སྐུ་གྲོངས་ཟིན་པ་ཁ་གསལ་ཆགས། འོན་ཀྱང་། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གནང་མཁན་གྱི་ནང་མི་སྤུན་མཆེད་དང་ཡུལ་སྡེ་བ་སོགས་ལ་གནས་ཚུལ་ཕྱི་ལ་བཤད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཏེ། ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པའི་རྐྱེན་གྱིས་རང་ལུས་མེར་སྲེག་གནང་མཁན་ ༢༢ ཙམ་འདས་གསོན་གང་ཡིན་ད་དུང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༡༥

Leave a Reply