བོད་མི་ལྔ་འཛིན་བཟུང་བྱས།

དབང་ཕྱུག་ཚེ་བརྟན་ལགས་ཀྱི་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་བོད་མི་ལྔ་སྔ་རྗེས་སུ་འཛིན་བཟུང་བྱས་ཏེ་རྡུང་རྡེག་ཚད་མེད་བཏང་རྗེས་མི་གཉིས་ཀློད་གྲོལ་བཏང་ཡོད་འདུག

བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་དཀར་མཛེས་རྫོང་ཐོག་ཏུ་བོད་མི་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག ཁོང་གི་ཕ་ཡུལ་གཅིག་པ་དཀོན་མཆོག་རྒྱལ་མཚན་ལགས་དང་ཉི་མ་ཚེ་རིང་ལགས། ཚེ་རིང་རྒྱ་མཚོ་ལགས་བཅས་འཛིན་བཟུང་བྱས་ཏེ། དོན་མེད་དུ་གཅར་རྡུང་དྲག་པོ་བཏང་རྗེས་མི་གཉིས་ཀློད་པ་དང་གཅིག་མུ་མཐུད་བཀག་ཉར་འོག་མནར་གཅོད་མྱོང་བཞིན་ཡོད་འདུག

ཁོང་ཚོ་གསུམ་འཛིན་བཟུང་བྱེད་དོན་ནི་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་མ་གནང་གོང་དུ་ཁོང་ཚོ་གསུམ་ལ་ཁ་པར་བཏང་སྟེ། ངའི་ཁ་པར་ཨ་མ་ལོ་ལོན་ཞིག་ལ་བཅོལ་བཞག་ཡོད། ཁྱེད་ཚོས་དེ་ངེས་པར་དུ་ལེན་རོགས་ཞེས་མངགས་པ་ལྟར། ཁོང་ཚོས་ཁ་པར་བླངས་ཏེ་ཉར་ཚགས་བྱས་པའི་ཉེས་མིང་འོག་འཛིན་བཟུང་རྡུང་རྡེག་བཏང་ཡོད་འདུག ཉེན་རྟོག་པས་ཁ་པར་བཙན་འཕྲོག་བྱས་ཡོད་པས་ཁོང་གི་ཁ་པར་ནང་དུ་སྐད་ཆ་ག་རེ་བཤད་ཡོད་མེད་དང་གནས་ཚུལ་གལ་ཆེན་དེ་འདྲ་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་རེད།

གཞན་ཡང་། དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་བརྙན་པར་བླངས་བའི་ནག་ཉེས་གཡོགས་ཏེ་དཀར་མཛེས་རྫོང་ནས་བོད་མི་གཉིས་འཛིན་བཟུང་བྱས་ཡོད་ཀྱང་།  ད་ལྟའི་ཆར་ཁོང་གཉིས་ཀྱི་མིང་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཡང་གནས་ཚུལ་མཁོ་སྤྲོད་པ་དེས་ས་གནས་ཀྱི་མི་ཚོས་དབང་ཕྱུག་ཚེ་བརྟན་ལགས་བརྒྱ་ཆ་བརྒྱ་ཐམ་པ་སྐུ་གྲོངས་ཚར་ཡོད་ལུགས་བརྗོད་ཀྱི་ཡོད་པ་དང་། རྒྱ་གཞུང་གིས་ས་གནས་སུ་ཉེན་རྟོག་པ་དང་དམག་མི་སྔར་ལས་མང་པོ་འགྲེམས་འཇོག་བྱས་ཏེ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་འདུག

དབང་ཕྱུག་ཚེ་བརྟན་ལགས་ནི་ཉག་རོང་རྫོང་ཨ་བསེ་བཞི་མདོ་གྲོང་ཚོའི་ཕ་ཚེ་འདས་རྡོ་རྗེ་དཔལ་བཟང་ལགས་དང་མ་ཤེར་ལུ་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་རང་ལོ་ ༣༩ ཡིན་འདུག ཁོང་གི་བཟའ་ཟླ་བདེ་འཚོ་ཁོང་གཉིས་ལ་ཕྲུ་གུ་བཞི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༢༠

Leave a Reply