བོད་མིའི་ནང་འཛིང་ལ་རྒྱ་གཞུང་གིས་ཡ་བྱེད་ཀྱི་མི་འདུག་ཟེར།

རེབ་གོང་གི་སྡེ་བ་གཉིས་འཁྲུག་འཛིང་ཤོར་ཏེ་བོད་མི་གཅིག་བསད་པ་དང་མི་མང་པོར་རྨས་སྐྱོན་བཟོས་ཡོད་འདུག

འདི་གར་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་བཏང་བ་ལྟར་ན། དེ་རིང་སྔ་དྲོར་རེབ་གོང་གི་དཔྱི་ས་རོང་དང་མདོ་བ་རོང་གཉིས་བར་འཁྲུག་རྩོད་བྱུང་སྟེ། བོད་མི་བཅུ་གྲངས་ཤིག་ལ་རྨས་སྐྱོན་བཟོས་ཏེ་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་མ་ཟད། དེའི་ནང་ནས་བུད་མེད་ཅིག་གི་གནས་སྟངས་ཛ་དྲག་ཆགས་པ་དང་སྐྱེས་པ་གཅིག་གི་ཚེ་སྲོག་ཤོར་ཡོད་འདུག

གནས་ཚུལ་གཏོང་མཁན་གྱིས་སྡེ་བ་གཉིས་བར་རྩྭ་ས་རྩོད་གླེང་བྱུང་སྟེ་འཁྲུག་པ་ཤོར་ཡོད་ལུགས་བརྗོད་ཀྱི་འདུག་ཀྱང་། ད་ལྟའི་ཆར་གནས་སྟངས་ག་འདྲ་ཆགས་ཡོད་མེད་དང་རྒྱུ་མཚན་ག་རེ་ཡིན་སོགས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

སྤྱི་ཚོགས་དྲ་ལམ་དུ་ཁྱབ་པའི་བརྙན་ཐུང་ཁག་གི་ནང་དུ། མི་ཧ་ཅང་མང་པོ་འདུ་འཛོམས་ཀྱིས་འུར་འུར་ཟང་ཟིང་ཆགས་འདུག་ཀྱང་། ས་གནས་སྲིད་གཞུང་གིས་བར་འདུམ་དང་ཞི་འཇགས་སུ་གཏོང་བའི་འགན་འཁུར་གྱི་མེད་པར་བརྟེན། ས་གནས་བོད་མི་ཞིག་གིས་རྒྱལ་ཁབ་ཟེར་བ་དེ་ཤི་སོང་བ་ཡིན་ནམ། ཞེས་སྐྱོན་བརྗོད་བྱེད་བཞིན་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༢༠

Leave a Reply