བོད་རྒྱ་འབྲེལ་མོལ་ལ་རྒྱབ་སྐྱོར་བྱེད་རོགས།

ཨེ་ཕེ་གསར་ཁང་གིས་བོད་མའི་ཆབ་སྲིད་མགོ་ཁྲིད་བློ་བཟང་སེང་གེ་མཆོག་གིས་ཉི་ཧོང་གི་གསར་འགོད་པ་ཚོར་ཁོས་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་རྒྱག་གི་ཡོད་སྐོར་བརྗོད་འདུག་ཟེར།

དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉི་ཧོང་ནང་གི་ཕྱིའི་རྒྱལ་ཁབ་ཁག་གི་གསར་འགོད་པ་ཚོར། ད་ལྟའི་ཨ་རྒྱ་གཉིས་ཀྱི་འབྲེལ་མོལ་གནས་སྟངས་དང་འབྲེལ་ཏེ། ཨ་རིའི་སྲིད་འཛིན་ཊི་རུམ་ཕི་གཞུང་གིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཐོག་གཏམ་སྤྱོད་གང་འདྲ་ཞིག་འཛིན་གྱི་ཡོད་ཀྱང་། བོད་མི་ཚོས་བོད་རྒྱ་གཉིས་ཀྱི་དཀའ་རྙོག་འདུམ་འགྲིག་བྱེད་པར་བོད་མུ་མཐུད་རེ་བ་བྱེད་ཀྱིན་ཡོད་པ་དང་། སྲིད་འཛིན་ཊི་རུམ་ཕིས་བོད་རྒྱ་གཉིས་བར་འབྲེལ་མོལ་ཡོང་ཐབས་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད། ཅེས་བརྗོད་ཡོད་འདུག

གནས་ཚུལ་འདིའི་ནང་། ཨ་རིའི་སྲིད་འཛིན་སྔོན་མ་དག་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་ཡོད་བྱས་ཀྱང་། ༧གོང་ས་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་ལ་གཞིར་བཟུང་ཐོག བོད་རྒྱ་འབྲེལ་མོལ་ཡོང་ཐབས་སུ་རྒྱབ་སྐྱོར་བྱས་ཡོད་པ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ནང་རྒྱ་ནག་འོག་བོད་ལ་ཚད་མཚོའི་རང་སྐྱོང་འཐོབ་པའི་རེ་འདུན་བཏོན་ཡོད་ནའང་། ༢༠༡༠ ལོའི་རྗེས་སུ་པེ་ཅིན་གཞུང་གིས་ཏཱ་ལའི་བླ་མའི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བྱས་མེད་པ་དང་། དེ་བཞིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་བ་སྐུ་ཞབས་ཊེ་ལིར་སོན་ (Rex Tillerson) ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་དྲི་བར་ལན་འདེབས་སྐབས། ཁོང་གིས་ཏཱ་ལའི་བླ་མའི་སྐུ་ཚབ་དང་པེ་ཅིན་གཞུང་གཉིས་བར་འབྲེལ་མོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། ཁོང་ཏཱ་ལའི་བླ་མར་མཇལ་འཕྲད་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་སྐོར་སོགས་བཀོད་འདུག

ད་དུང་གནས་ཚུལ་འདིའི་ནང་། རྒྱ་ནག་གིས་དུས་རབས་བདུན་པའི་གོང་ནས་བོད་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བཤད་ཡོད་ཀྱང་། བོད་མི་ཚོས་དུས་རབས་བདུན་པའི་སྔ་རྗེས་སུ་བོད་ནི་རང་བཙན་རྒྱལ་ཁབ་བསྙོན་མེད་ཅིག་ཡིན་ཚུལ་བཤད་ཀྱི་ཡོད་པ་རེད། ཅེས་སོགས་བཀོད་འདུག

གཞན། ཚེས་ ༡༢ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པ་དང་ཤེས་ཡོན་ཅན་ ༢༠༠ ཡས་མས་ཤིག་ལ་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་གནང་ཡོད་པ་དང་། ཁ་སང་ཉི་ཧོང་གཞུང་གི་སློབ་སྟོན་པ་དང་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་ཡོ་ཤི་ཀོ་ས་ཀུ་རའི་ Ms Yoshiko Sakurai ལགས་དང་ཐུག་འཕྲད་གནང་སྐབས། ཁོང་མོས་བོད་དོན་ཐོག་ཐུགས་འཁུར་རྒྱབ་སྐྱོར་ཡོད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༢/༡༤

Leave a Reply