བྱང་ཀོ་རི་ཡ་ཉེན་ཁ་ཆེ་ཤོས་སུ་བསླེབས་འདུག

ཨ་རིའི་སྲིད་འཛིན་ཊི་རུམ་ཕུ་མཆོག་གིས་ཞི་ཅིན་ཕིན་ལ་ཁ་པར་བཏང་སྟེ་བྱང་ཀོ་རི་ཡའི་གནད་དོན་ཐད་བསྐྱར་དུ་གླེང་སློང་བྱེད་སྐབས་ཞི་ཅིན་ཕིན་གྱིས་ཞི་བའི་ཐབས་ལམ་བརྒྱུད་གནད་དོན་དེ་ཐག་གཅོད་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཨ་རྒྱ་གཉིས་ཀྱི་སྲིད་འཛིན་རྣམ་གཉིས་ཀྱིས་མཇལ་འཕྲད་ཐོག་མ་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་དང་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག དེ་བཞིན་ཐའེ་ཝན་དང་བྱང་ཀོ་རི་ཡའི་གནད་དོན་སོགས་ཀྱི་ཐོག་གྲོས་བསྡུར་བྱས་པ་བརྒྱུད་རྒྱ་ནག་ཕྱོགས་ནས་མཇལ་འཕྲད་ཐེངས་དང་པོར་གྲུབ་འགྲུབ་ལེགས་པོ་ཐོན་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཊི་རུམ་ཕུ་མཆོག་གིས་ཞི་ཅིན་ཕིན་ལ་ཁ་པར་བཏང་སྟེ་བྱང་ཀོ་རི་ཡའི་གནད་དོན་ཐོག་བསྐྱར་དུ་གླེང་མོལ་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༡ ཉིན་ཊི་རུམ་ཕུ་སྒེར་གྱི་སྤྱི་ཚོགས་དྲ་ངོས་སུ་བྱང་ཀོ་རི་ཡ་རང་ངོས་ནས་དཀའ་རྙོག་བཟོ་ཡི་ཡོད་ལ། གལ་སྲིད་རྒྱ་ནག་ཕྱོགས་ནས་རོགས་རམ་བྱས་ཚེ་ཡག་པོ་ཞེ་དྲག་ཡོད་པ་དང་། གལ་སྲིད་རོགས་པ་མ་བྱས་པ་ཡིན་ནའང་ཨ་རི་རང་གི་ངོས་ནས་གནད་དོན་འདི་ཐག་གཅོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་སྲིད་འཛིན་ཊི་རུམ་ཕུ་ཡིས་ཞི་ཅིན་ཕིན་ལ་ཁ་པར་བཏང་སྟེ། པེ་ཅིན་གཞུང་གིས་ཝ་ཤིང་ཊོན་གཞུང་ལ་ལག་རོགས་བྱས་ཏེ། རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་བྱང་ཀོ་རི་ཡའི་བྱ་སྤྱོད་ལ་སྟངས་འཛིན་བྱེད་དགོས་སྐོར་བརྗོད་པ་ལྟར། ཞི་ཅིན་ཕིན་གྱིས་རྒྱ་ནག་ཕྱོགས་ནས་བྱང་ཀོ་རི་ཡའི་གནད་དོན་དེ་ཞི་བའི་ཐབས་ལམ་བརྒྱུད་ཐག་གཅོད་ཡོང་བར་རེ་བ་རྒྱག་གི་ཡོད་ལུགས་བཤད་པ་མ་ཟད། ཨ་རི་དང་མཉམ་དུ་བྱང་ཀོ་རི་ཡའི་གནད་དོན་ཐད་འབྲེལ་མོལ་མཐུན་སྦྱོར་བྱེད་པར་མོས་མཐུན་ཡོད་སྐོར་བརྗོད་འདུག ཡིན་ནའང་། སྲིད་འཛིན་གཉིས་ཀྱི་གླེང་མོལ་རྗེས་ཨ་རིའི་གཞུང་ཕྱོགས་ནས་ཞི་ཅིན་ཕིན་གྱིས་གནད་དོན་དེའི་ཐད་དོན་ལྡན་གྱི་བསམ་ཚུལ་གསར་པ་གང་ཡང་བཏོན་མེད་ལུགས་བརྗོད་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཐོག་ཏུ་དེའི་སྐོར་ལ་དཔྱད་རྩོམ་ཞིག་སྤེལ་ཡོད་པའི་ནང་དུ། གལ་སྲིད་བྱང་ཀོ་རི་ཡ་གཞུང་གིས་ཡང་བསྐྱར་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་བྱས་པ་ཡིན་ན། པེ་ཅིན་གཞུང་གིས་བྱང་ཀོ་རི་ཡར་དགོས་གལ་ཆེ་བའི་རྡོ་སྣུམ་ཕྱིར་ཚོང་ཚོད་འཛིན་བྱེད་པ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀག་སྡོམ་ཐབས་ཇུས་ལ་རྒྱབ་སྐྱོར་སྔར་ལྷག་བྱ་རྒྱུ་ཡིན་སྐོར་དང་། ཕྱི་ལོ་ ༢༠༠༦ ནས་བཟུང་བྱང་ཀོ་རི་ཡ་གཞུང་གིས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་རིམ་པ་བྱས་ཏེ། འཛམ་གླིང་གི་རྒྱལ་ཁབ་མང་པོར་སེམས་ཚབ་དང་ཞེ་སྡང་བསླངས་ཡོད་པ་མ་ཟད། ད་ལྟ་དམག་དོན་རྩོད་རྙོག་བྱུང་བར་ཆེས་ཐག་ཉེ་ས་ཞིག་ཏུ་བསླེབས་སྐབས་རྒྱ་ནག་གིས་ཀྱང་བཟོད་སྒོམ་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་པར་བརྟེན། བྱང་ཀོ་རི་ཡ་གཞུང་ནས་རང་འགུལ་གྱིས་བྱ་སྤྱོད་མཚམས་འཇོག་བྱས་ཏེ། ཨ་རིའི་སྲིད་འཛིན་ཊི་རུམ་ཕུ་མཆོག་དང་གདོང་ཐུག་མི་རྒྱག་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། བྱ་སྤྱོད་དེ་རང་འགུལ་མཚམས་འཇོག་མ་བྱས་ཚེ་ནོར་འཁྲུལ་ཆེན་པོ་འབྱུང་བའམ་ཡང་ན་འཐབ་ཇུས་ལེགས་སྒྲིག་གཏོང་བའི་གོ་སྐབས་ཁག་པོ་ཡིན་སྐོར་བརྗོད་ཡོད་པ་རེད།

ཡང་དཔྱད་རྩོམ་དེའི་ནང་ཨ་རིའི་སྲིད་འཛིན་ཊི་རུམ་ཕུ་ཡིས་སི་རི་ཡར་འཕུར་མདས་དྲག་རྒོལ་དགོས་པའི་བཀའ་རྒྱ་བསྒྲགས་པ་ལྟར་དངོས་སུ་ལག་བསྟར་བྱས་ཡོད་པ་དང་། ཊི་རུམ་ཕུ་ཡིས་ཐེངས་མང་པོར་དགོས་ངེས་བྱུང་ཚེ། བྱང་ཀོ་རི་ཡའི་གནད་དོན་ཐད་ཨ་རི་རང་ནས་འགུལ་སྐྱོད་བྱ་རྒྱུ་ཡིན་ལུགས་བརྗོད་པ་ལྟར། ཁོང་ནི་གཞན་གྱི་རྒྱབ་སྐྱོར་ལ་བརྟེན་ནས་སོ་སོའི་ཁས་ལེན་ལག་བསྟར་བྱེད་མཁན་གྱི་མི་ཞིག་ཡིན་སྐོར་ཡང་བརྗོད་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བྱང་ཀོ་རི་ཡའི་སྲིད་འཛིན་འདས་པོ་ཁེམ་ཨིལ་སུང་(Kim Il-sung)ལགས་འཁྲུངས་ནས་ལོ་ ༡༠༥ འཁོར་བའི་དུས་དྲན་ཡིན་པ་དང་། ཁེམ་ཨིལ་སུང་གི་ཚ་བོ་ད་ལྟའི་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཅུང་ཨིན་གྱིས་དུས་དྲན་གྱི་གོ་སྐབས་བེད་སྤྱད་དེ་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་བྱེད་སྲིད་སྟབས། ཉི་ཧོང་མཚོ་དམག་དང་ཨ་རིའི་མཚོ་དམག་གིས་བྱང་ཀོ་རི་ཡའི་ཉེ་འགྲམ་མཚོ་ཁུལ་དུ་དྲག་རྒོལ་གྱི་དམག་དཔུང་རྩ་འཛུགས་བྱས་ཏེ། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཐེངས་དྲུག་པའམ་ཡང་ན་འཕུར་མདའི་ཚོད་ལྟ་བཀག་འགོག་བྱེད་པར་གྲ་སྒྲིག་སྔར་ལྷག་བྱེད་བཞིན་ཡོད་པ་དང་། གལ་སྲིད་ཁེམ་ཅུང་ཨིན་གྱིས་གོ་སྐབས་བཟུང་སྟེ་དྲག་མཚོན་ཚོད་ལྟ་བྱས་པ་ཡིན་ན་རྒྱ་ནག་ཕྱོགས་ནས་ཐད་ཀར་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༡༣

Leave a Reply

One thought on “བྱང་ཀོ་རི་ཡ་ཉེན་ཁ་ཆེ་ཤོས་སུ་བསླེབས་འདུག

  1. བསོད་ནམས་རྡོ་རྗེ།

    སྐབས་ཐོག་གི་གསར་འགྱུར་ཕྱོགས་བསྡུས་གནང་སྟེ་འདིར་འདྲངས་པར་ཐུགས་རྗེ་ཆེ། དུས་བབ་ཉིན་ལྟར་ཀློག་གི་ཡོད། ཡིན་ནའི་ད་བར་ངས་དུས་བབ་གསར་ཁང་ནས་སྤེལ་བའི་གསར་འགྱུར་ཁག་ཏུ་ཕལ་ཆེར་གཅོད་ཐབས་མེད་པའི་ན་ཚ་ཞིག་མཐོང་བ་ནི་ཨིན་སྐད་དུ་ཡོད་པའི་མིང་ཚིག་དག་སྒྲ་སྒྱུར་བྱེད་སྐབས་སྒྲ་ཇི་བཞིན་དུ་སྒྱུར་གྱིན་མེད་པ་དེ་རེད། དཔེར་ན་ Trump ཞེས་པ་ཊི་རུམ་ཕུ་དང་། ཊོ་རོམ་ཕི་རུ་སྒྱུར་གྱི་ཡོད་པ་ལྟ་བུ་རེད། ངས་དེའི་ཐོག་བསམ་བློ་ཏོག་ཙམ་བཏང་བ་ཡིན་པས་ཐུག་ས་གཉིས་ལ་ཐུག་འདུག གཅིག་ནི་ང་ཚོ་ཨ་མདོ་བ་ཚོས་ཨིན་སྐད་དུ་ཡོད་པའི་མིའི་མིང་ལྟ་བུ་མིང་ཚིག་འགའ་ངག་ནས་འདོན་སྐབས་སྒྲ་དམ་པོར་འདོན་པའི་རང་གཤིས་ཤིག་ཡོད་པ་དེས་སམ། ཡང་ན་ནི་ཨིན་སྐད་དུ་ཡོད་པའི་མིང་ཚིག་དེ་དག་རྒྱ་སྐད་སོགས་སྐད་ཡིག་གཞན་ལ་ཇི་ལྟར་སྒྱུར་འབོད་བྱེད་ཀྱི་ཡོད་པ་མཐོང་ཐོས་ལྟར་ལད་མོ་བྱེད་ཀྱིན་པ་དེས་རེད་བསམ་གྱི་འདུག གལ་ཏེ་དེ་ལྟར་ཡིན་ན་གཉིས་ཀ་ནོར་བ་རེད་སྙམ། ཨ་རིའི་སྲིད་འཛིན་ལས་ཐོག་Trump གྱི་སྒྲ་ནི་ ‘ཁྲོམ་’མམ་’ཋོམ། ཡང་ན་དེ་ལས་སྒྲ་དམ་ཙམ་བསྒྱུར་ན་’ཁྲོ་རོམ་’མམ་’ཋོ་རོམ་’ཡིན་དགོས། ཁྱེད་ཚོས་སྒྱུར་གྱིན་པའི་’ཊོ་རུམ་ཕུ་’དང་། ‘ཊོ་རུམ་ཕི་’ གཉིས་ཨིན་སྐད་དུ་ཕར་བསྒྱུར་ན་ ‘Torumpu’ དང་’ Torumpee’ ལྟ་བུར་གྱུར་ངེས་པས་ཐུགས་ཞིབ་གནང་རོགས། དུས་ཚོད་ཀྱིས་རྐྱེན་པས་ད་མང་པོ་མི་ཞུ། གང་ཞུས་པ་ཚང་མ་ཤ་ཚའི་གཏམ་ཡིན།