བྱང་ཀོ་རི་ཡའི་དམག་མི་ལྷོ་ཀོ་རི་ཡར་བྲོས་བྱོལ།

བྱང་ཀོ་རི་ཡའི་དམག་མི་ཞིག་ཧཱན་ (HAN) གཙང་བོ་བརྒལ་ཏེ་ལྷོ་ཀོ་རི་ཡར་བྲོས་བྱོལ་བྱས་ཡོད་པ་དང་། ཁོ་ནི་བདུན་ཕྲག་འདིའི་ནང་གི་བྱང་ཀོ་རི་ཡའི་དམག་མི་བྲོས་བྱོལ་བ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

ལྷོ་ཀོ་རི་ཡའི་ས་མཚམས་སྲུང་དམག་སྤྱི་ཁྱབ་ལས་ཁུངས་ནས་བསྒྲགས་པ་ལྟར་ན། དམག་མི་དེ་ཧཱན་གཙང་བོའི་བཞུར་རྒྱུན་གྱི་དྲག་རྩུབ་ཆེ་བའི་འགག་ཕྲང་ཞིག་ནས་གཙང་བོར་རྐྱལ་དེ་ཡོང་ཡོད་འདུག

ལྷོ་ཀོ་རི་ཡའི་(Yonhap)ཡཱན་ཧེབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་བྲོས་བྱོལ་དུ་ཡོང་པའི་དམག་མི་དེ་ལོ་ན་ཉི་ཤུའི་ནང་ཡིན་པ་དང་། ཁོ་བོ་དེ་མ་ཐག་ལྷོ་ཀོ་རི་ཡའི་རྒྱལ་ས་སཱོལ་གྱི་ལྷོ་ནུབ་གྷམ་པོ་ (Gimpo)ཞེས་པའི་གྲོང་ཁྱེར་དུ་བསྐྱལ་ཡོད་འདུག

ཡཱན་ཧེབ་གསར་ཁང་གིས་བརྗོད་པ་ལྟར་ན། དམག་མི་དེ་ཐོག་མ་ལྷོ་ཀོ་རི་ཡའི་མཚོ་འགྲུལ་གྲུ་གཟིངས་ཤིག་གིས་མཐོང་ཡོད་པ་དང་། སྐབས་དེར་དམག་མི་དེས་ “ང་མ་གསོད་རོགས། ང་བྲོས་བྱོལ་དུ་ཡོང་མཁན་ཡིན” ཞེས་སྐད་བརྒྱབ་ཡོད་འདུག

བདུན་ཕྲག་སྔོན་མའི་ནང་བྱང་ཀོ་རི་ཡའི་དམག་མི་ཞིག་དམ་དྲག་ཧ་ཅང་ཆེ་བའི་ས་མཚམས་བརྒལ་ནས་ལྷོ་ཀོ་རི་ཡའི་ནང་བྲོས་བྱོལ་དུ་ཡོང་ཡོད་པ་དང་། བྱང་ཀོ་རི་ཡའི་དམག་མི་ངོ་ལོག་བྲོས་བྱོལ་བ་ལོ་སྔོན་མ་དག་ལས་ཇེ་མང་དུ་འགྲོ་བཞིན་ཡོད་འདུག ལྷོ་ཀོ་རི་ཡའི་གཞུང་གིས་བརྗོད་པ་ལྟར་ན། ལྷོ་བྱང་ཀོ་རི་ཡའི་དམག་མཚམས་བཞག་རྗེས་ལོ་ལྟར་བྱང་ཀོ་རི་ཡའི་མི་ ༣༠༠༠ ལྷག་ལྷོ་ཀོ་རི་ཡའི་ནང་བྲོས་བྱོལ་དུ་ཡོང་གི་ཡོད་པ་དང་། མང་ཆེ་བ་ཞིག་རྒྱ་ནག་བརྒྱུད་ནས་ཡོང་གི་ཡོད་འདུག

༢༠༡༢ ལོར་བྱང་ཀོ་རི་ཡའི་དམག་མི་གཉིས་ཀྱིས་སྲུང་སྐྱོབ་ས་ཚིགས་ཀྱི་ལྕགས་ཚེར་བཅད་དེ་ལྷོ་ཀོ་རི་ཡའི་ནང་བྲོས་བྱོལ་བྱས་ཡོད་པ་དང་། དེ་བཞིན། ༢༠༡༥ ལོའི་ཟླ་ ༦ པ་དང་། ༢༠༡༦ ལོའི་ཟླ་ ༨ པ་སོ་སོར་བྱང་ཀོ་རི་ཡའི་དམག་མི་གཉིས་ཀྱིས་གཉེན་ཁ་ཧ་ཅང་ཆེ་བའི་(DMZ)ཞེས་པའི་ས་མཚམས་བརྒལ་ཏེ་ལྷོ་ཀོ་རི་ཡའི་ནང་འཛུལ་ཡོད་འདུག

རྒྱལ་ཁབ་གཉིས་ཀྱིས་ས་མཚམས་དེའི་རིང་ཚད་ལ་ལེ་དབར་ ༡༥༥ དང་ཞེང་ཚད་ལ་ལེ་དབར་ ༢.༥ ཡིན་པ་དང་། དེས་ལྷོ་བྱང་ཀོ་རི་ཡའི་གླིང་ཕྲན་བར་མཚམས་ཁད་ཀྱིས་བཅད་ཡོད་འདུག ས་མཚམས་དེ་རྒྱལ་ཁབ་གཉིས་ཀྱི་ས་ཚིགས་གཙོ་གནད་དུ་ཁེལ་ཡོད་སྟབས། ཕྱོགས་གཉིས་ཀར་སྲུང་དམག་སྟོང་ཕྲག་མང་པོ་ཡོད་པ་མ་ཟད། ས་མཚམས་ཀྱི་ལྕགས་ཚེར་ནང་གློག་བཏང་སྟེ་བརྙན་མིག་གིས་ཉིན་མཚན་དུས་དྲུག་ཏུ་སོ་ལྟ་བྱས་ཡོད་འདུག

༢༠༡༡ ལོར་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨུན་གྱིས་སྲིད་དབང་བཟུང་རྗེས། ས་མཚམས་ཁག་ཇེ་དམ་དང་ས་ཚིགས་སོ་ལྟ་ཁང་ཇེ་མང་དུ་བཏང་ཡོད་ཀྱང་། བྱང་ཀོ་རི་ཡའི་མི་མང་ཚོས་མུ་མཐུད་ཉེན་ཁ་བརྒྱུད་དེ་ལྷོ་ཀོ་རི་ཡར་བྲོས་བྱོལ་དུ་ཡོང་གི་ཡོད་པ་དང་། གལ་ཏེ་བྱང་ཀོ་རི་ཡའི་མཐའ་སྲུང་དམག་མིས་བྲོས་བྱོལ་བ་ཞིག་འཛིན་བཟུང་བྱས་ཚེ་སྲོག་ཆད་དང་། ཡང་ན་ཚེ་བཙོན་ཀྱི་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་གསལ་བོ་ཡིན་འདུག

བྱང་ཀོ་རི་ཡའི་བྲོས་བྱོལ་བ་གཞན་མང་པོ་ཞིག་ལྷོ་ཤར་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་བརྒྱུད་དེ་ལྷོ་ཀོ་རི་ཡའི་ནང་འཛུལ་བཞིན་ཡོད་པ་དང་། ཁག་ཅིག་གིས་རྒྱལ་ཁབ་གསུམ་པ་ཞིག་ལ་སྐྱབས་བཅོལ་ཞུ་བཞིན་ཡོད་འདུག

བྱང་ཀོ་རི་ཡ་ནས་བྲོས་བྱོལ་སྐྱབས་བཅོལ་དུ་ཡོང་མཁན་ཚོར་ལྷོ་ཀོ་རི་ཡའི་གཞུང་གིས་འདྲི་བརྩད་བྱས་ཏེ་གསང་མྱུལ་བ་དང་ནག་ཉེས་ཅན་རིགས་མིན་པ་ར་འཕྲོད་གསལ་བོ་ཆགས་རྗེས་ལྷོ་ཀོ་རི་ཡར་གནས་སྡོད་ཆོག་པའི་ཐོབ་དབང་སྤྲོད་ཀྱི་ཡོད་འདུག

བྱང་ཀོ་རི་ཡའི་བྲོས་བྱོལ་སྐྱབས་བཅོལ་བ་ཚོར་ལྷོ་ཀོ་རི་ཡའི་གཞུང་གིས་རོགས་སྐྱོར་གང་ཐུབ་བྱེད་ཀྱི་ཡོད་པ་དང་། བྲོས་བྱོལ་བ་སུ་ཞིག་ཡིན་ཡང་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་འབྱོར་མ་ཐག་ཁོ་ཚོར་ཁ་པར་སོགས་ཀྱི་མཐུན་རྐྱེན་བསྐྲུན་ཡོད་པ་དང་། ཁོ་ཚོས་ཁ་པར་བརྒྱུད་ནས་ལྷོ་ཀོ་རི་ཡའི་གཞུང་ལ་སྐྱབས་བཅོལ་རོགས་རམ་ཞུ་བཞིན་ཡོད་འདུག

ལྷོ་བྱང་ཀོ་རི་ཡའི་ཕྱི་ལོགས་ཀྱི་དམག་འཁྲུག་མཚམས་བཞག་ཡོད་ཀྱང་ནང་ལོགས་ཀྱི་དམག་འཁྲུག་ད་དུང་མཚམས་བཞག་མེད་པར་མི་མངོན་པའི་ཚུལ་གྱིས་འཐབ་འཛིང་དྲག་པོ་བྱེད་བཞིན་ཡོད་འདུག ༡༩༥༣ ལོ་ནས་རྒྱལ་ཁབ་ཕན་ཚུན་བར་གྱི་དམག་འཁྲུག་དེ་གནས་སྐབས་རིང་མཚམས་བཞག་ཡོད་ཀྱང་། དེ་ནི་དམག་མཚམས་གཏན་གཅོད་ཀྱི་ཆིངས་ཡིག་ཅིག་ཆགས་ཐུབ་མེད་སྟབས། ད་ལྟ་ཀེམ་གྱི་སྲིད་དབང་འོག་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༦/༡༩

Leave a Reply