བྱང་ཀོ་རི་ཡའི་ཡ་མཚན་ཅན་གྱི་ཁྲིམས་སྲོལ་སྣ་དགུ།

ནེ་ཧཱ་བྷོ་ཀར་གྱིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

འཛམ་གླིང་གི་ཆེས་གསང་རྒྱ་དམ་པའི་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་པའི་བྱང་ཀོ་རི་ཡར་མཚོན་ན། རྒྱལ་ཁབ་དེར་འཇིགས་སུ་རུང་བའི་ཁྲིམས་སྲོལ་མི་འདྲ་བ་འགའ་ཞིག་ཀྱང་ཡོད། འཇིགས་སུ་རུང་བའི་ཁྲིམས་སྲོལ་ཞེས་བརྗོད་སྐབས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་གིས་ཡ་མཚན་ཅན་གྱི་ཁྲིམས་སྲོལ་ལག་བསྟར་དང་དམ་བསྒྲགས་ཤུགས་ཆེ་བྱེད་པར་གོ་བ་ཡིན། ཉེ་ཆར་ཡོ་མི་པཀ་ཞེས་པའི་བུ་མོ་ཞིག་ཀིམ་ཇོང་ཨུན་གྱི་ལྕགས་སྒྲོམ་གྱི་ཡུལ་གྲུ་ལས་བྲོས་བྱོལ་ཐུབ་པ་བྱུང་ཡོད། ཁོ་མོས་ཡུལ་གྲུ་དེའི་ད་ལྟའི་ཡ་ང་བའི་གཏམ་རྒྱུད་ཀྱང་བཤད་ཡོད།

ང་ཚོས་བརྙན་འཕྲིན་གྱི་རིགས་གང་འདོད་ལྟ་ཆོག་ལ། མགོ་བོའི་སྐྲ་ལོ་བཟོ་ལྟ་གང་འདོད་བཟོ་ཆོག རྒྱལ་ཁབ་ཀྱི་ས་གནས་གང་འདོད་དུ་འགྲོ་སྡོད་ཆོག་པ་བཅས་ཀྱིས་རང་ཉིད་རྒྱ་གར་དུ་འཚོ་སྡོད་བྱེད་པར་དགའ་བ་སྐྱེ་འོས་པ་ཞིག་ཡིན།

 ༡ བརྙན་འཕྲིན་གྱི་འཕྲིན་ལམ་(channel)གསུམ་ལས་མེད།

ང་ཚོ་རྒྱ་གར་བ་རྣམས་འབོལ་སྟེགས་སྟེང་ལྷོད་ལྷོད་བསྡད་དེ་བརྙན་འཕྲིན་གྱི་འཕྲིན་ལམ་མི་འདྲ་བ་ཆིག་སྟོང་ཙམ་ལས་ལེགས་འདེམ་བྱེད་ཀྱིན་ལྟ་གི་ཡོད། འོན་ཀྱང་། བྱང་ཀོ་རི་ཡའི་མི་རྣམས་ལ་འཕྲིན་ལམ་གསུམ་ལས་གདམ་ང་མེད་སྟབས་དེ་དག་མ་ལྟ་ཀ་མེད་ཡིན། འཕྲིན་ལམ་གྱི་ལེ་ཚན་ཡོངས་རྫོགས་སྲིད་གཞུང་གིས་སྟངས་འཛིན་བྱེད་ཀྱི་ཡོད།

 ༢ མི་ཐོག་གསུམ་གྱི་ཁྲིམས་ཆད།

གལ་ཏེ་སྐྱེ་བོ་ཕོ་མོ་སུ་འདྲ་ཞིག་གིས་བྱང་ཀོ་རི་ཡར་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་སྤེལ་ཚེ། ཁྲིམས་ཆད་འཕོག་ཡུལ་ཁྲིམས་འགལ་བ་ཁོ་ན་མ་ཡིན་པར་ནང་མི་ཚང་མར་ཁྲིམས་ཆད་གཅིག་མཚུངས་འཕོག་གི་ཡིན། གང་ཟག་དེའི་མི་ཐོག་གསུམ་སྟེ། སྤོ་བོ་དང་རྨོ་བོ། ཕ་མ། བུ་ཕྲུག་བཅས་མི་རབས་གསུམ་ཀར་ཁྲིམས་ཆད་འཕོག་པ་ཡིན། ཁྲིམས་སྲོལ་དེ་ལྟར་བཟོ་དོན་ནི་ཁྲིམས་འགལ་བ་བཙོན་ཁང་ནས་བྲོས་བྱོལ་དུ་མི་འགྲོ་བའི་ཐབས་ཤེས་ཡིན།

  གཏན་འབེབས་བྱས་པའི་སྐྲ་ཡི་བཟོ་དབྱིབས་༢༨ལས་འགལ་ཐལ་མི་ཆོག་པ།

བྱང་ཀོ་རི་ཡར་སྲིད་གཞུང་གིས་གཏན་འབེབས་བྱས་པའི་སྐྲ་ཡི་བཟོ་དབྱིབས་༢༨ཡོད། ཕོ་མོ་སུ་འདྲ་ཞིག་ཡིན་རུང་བཟོ་དབྱིབས་དེ་དག་ལ་བརྩི་སྲུང་དགོས་པ་ཡིན། དེ་མིན་གྱི་སྐྲ་ཡི་བཟོ་དབྱིབས་ཚང་མ་བཀག་སྡོམ་བྱས་ཡོད། སྐྲ་ཚེར་མ་ལྟར་གནམ་ལ་བསླངས་ཚེ་གྱེན་ལོག་གི་རྣམ་པ་མཚོན་པས་དམིགས་བསལ་བཀག་སྡོམ་བྱས་ཡོད། ཁྲིམས་སྲོལ་དེ་བཞིན་ཕྱི་ལོ་༢༠༡༣ལོར་ཀིམ་ཇོང་ཨུན་གྱིས་གཏན་འབེབས་བྱས་པ་དང་། དེ་དག་ཁྲོད་རང་ཉིད་ཀྱི་སྐྲའི་བཟོ་དབྱིབས་བཀོད་མེད། གང་ལགས་ཤེ་ན་ཁོ་པ་རང་ཉིད་ཀྱི་སྐྲའི་བཟོ་ལྟ་གཞན་དང་མི་འདྲ་བ་འཇོག་འདོད་པས་ཡིན།

༤ སིལ་པོལ་གྱི་སྒྲིག་གཞི་མི་འདྲ་བ།

རྒྱལ་སྤྱིའི་སིལ་པོལ་(basketball rules)གྱི་སྒྲིག་གཞི་ཡོངས་བཅོས་སྒྲིག་གིས། རྩེད་འགྲན་པས་གནམ་ལ་མཆོང་ལྡིང་གིས་(slum dunks)སྤོ་ལོ་དྲ་སྒོར་ནང་བླུགས་ཚེ་སྐར་གྲངས་གཉིས་མ་ཡིན་པར་གསུམ་རྩི་བ་ཡིན། རྩེད་འགྲན་གྱི་མཐའ་མའི་སྐར་མ་གསུམ་ནང་སྤོ་ལོ་བླུགས་ཐུབ་པ་བྱུང་ཚེ་སྐར་གྲངས་བརྒྱད་རེ་རྩི་བ་དང་། སྤོ་ལོ་དྲ་སྒོར་ནང་ཐེངས་གསུམ་བླུག་མ་ཐུབ་ཚེ་སྐར་གྲངས་གཅོག་པ་ཡིན།

༥ རྒྱལ་སར་སྡོད་པར་སྲིད་གཞུང་གི་ཆོག་མཆན་དགོས་པ།

ཀིམ་ཇོང་ཨུན་གྱིས་རྒྱལ་ས་པོང་ཡང་(Pyongyang)འབྱོར་ལྡན་པ་དང་། འཇོན་ཐང་ཅན། དབང་ཐང་ཅན་ཁོ་ན་འཚོ་སྡོད་བྱ་ཡུལ་དུ་བསྒྱུར་ཡོད། གལ་ཏེ་མི་གང་ཞིག་གིས་པོན་ཡང་རྒྱལ་ས་རང་གི་ཁྱིམ་གཞིས་ཆགས་ཡུལ་དུ་འགྱུར་འདོད་ཚེ། ཐོག་མར་ཚད་མཐོའི་ཆོག་མཆན་ཐོབ་དགོས་པ་ལས་སྐས་རིམ་འཛེགས་ཀྱིས་འགྲུབ་ཐབས་བྱེད་པ་ནི་འབྲས་མེད་ཀྱི་རེ་བ་ཡིན།

༦ ཕྲུ་གུ་སློབ་འཇུག་བྱེད་པར་ཅོག་ཙེ་དང་རྐུབ་སྟེགས་གོ་སྒྲིག

ཕྲུ་གུ་སློབ་གྲྭར་སློབ་འཇུག་བྱེད་སྐབས་ཕ་མས་ཅོག་ཙེ་དང་། རྐུབ་སྟེགས། དེ་བཞིན་ཁང་པ་བཟོ་བའི་རྒྱུ་ཆའི་རིན་འབབ་སོགས་མཁོ་སྤྲོད་བྱེད་དགོས་པ་ཡིན། གང་ལགས་ཤེ་ན་སློབ་ཡོན་གྱི་ཁོངས་སུ་དེ་དག་རྩིས་མེད་པ་རེད།

 ༧ ཡི་ཤུའི་གསུང་རབ་དཔེ་དེབ(bible)ཉར་འཇོག་མི་ཆོག་པ།

བྱང་ཀོ་རི་ཡར་ཡི་ཤུའི་གསུང་རབ་བྷའི་བྷལ་ནི་ནུབ་ཕྱོགས་པའི་རིག་གཞུང་གི་མཚོན་རྟགས་སུ་ངོས་འཛིན་བྱེད་པ་དང་། དེས་མི་རྣམས་ཀྱི་སེམས་ཁམས་ལ་ཤུགས་རྐྱེན་དང་ལྟ་བ་འགྱུར་དོགས་ཀྱིས་ཉར་འཇོག་བྱེད་ཆོག་གི་མེད། སྔར་ཡི་ཤུའི་བུད་མེད་ཅིག་གིས་དཔེ་དེབ་འགྲེམས་སྤེལ་བྱས་པ་འཛིན་བཟུང་གིས་སྲོག་ཁྲིམས་བཅད་ཡོད།

 ༨ ཀུ་ཤུ་རྟགས་ཅན་སོགས་ཀྱི་འཕྲུལ་ཆས་ཚོང་འགྲེམས་མི་ཆོག་པ།

ཨེ་པལ་(Apple)དང་། སོ་ནི(Sony)། མེཀརོ་སོབ་ཊ་(Microsoft)བཅས་ཀྱིས་བཟོ་སྐྲུན་བྱས་པའི་ཁ་པར་དང་། བརྙན་འཕྲིན། གློག་ཀླད་སོགས་ཡུལ་གྲུ་དེར་ཚོང་འགྲེམས་བྱེད་མི་ཆོག་པ་དང་། སྲིད་གཞུང་གི་དམ་བསྒྲགས་ཤུགས་ཆེ་བས་འཕྲུལ་ཆས་དེ་རིགས་ཀྱི་སྐོར་མང་ཚོགས་ལ་གོ་རྟོགས་ཧ་ལམ་མེད།

 ༩ ནུབ་ཕྱོགས་པས་བྱང་ཀོ་རི་ཡའི་སྐོར་སྤེལ་བའི་རྩོམ་རིགས་ཚོང་འགྲེམས་མི་ཆོག་པ།

ཡུལ་སྐོར་སྤྲོ་འཆམ་པས་བྱང་ཀོ་རི་ཡའི་གནས་ཤན་ལག་དེབ་(Lonely Planet guide book)འཁྱེར་ཡོད་ཀྱང་བཙན་འཕྲོག་བྱེད་པ་ཡིན། དེར་བརྟེན་ཡུལ་སྐོར་སྤྲོ་འཆམ་པའི་པར་ཆས་དང་། བརྙན་ཆས། དཔེ་དེབ་སོགས་ཞིབ་བཤེར་ལེགས་པར་བྱས་རྗེས་གཞི་ནས་འགྲོ་སྐྱོད་ཆོག་པ་ཡིན།

མ་རྩོམ་འབྲེལ་ཐག http://www.indiatimes.com/culture/who-we-are/9-strange-laws-in-north-korea-that-ll-make-you-glad-you-re-living-in-india-273572.html

 

བསྐྱར་བཅོས།: ༢༠༡༧/༠༣/༡༩

Leave a Reply