བྱང་ཀོ་རི་ཡར་དམག་འཁྲུག་རྒྱག་པར་གྲ་སྒྲིག

ཨ་རིའི་སྲིད་འཛིན་གཞོན་པ་ལྷོ་བྱང་ཀོ་རི་ཡའི་ས་མཚམས་དམག་སྒར་ལ་གཟིགས་སྐོར་གནང་ཡོད་པ་དང་། ཨ་རིའི་མཁའ་དམག་ ༡༠༠༠ ལྷག་ལྷོ་ཀོ་རི་ཡར་འབྱོར་ཏེ་དམག་སྦྱོང་མགོ་འཛུགས་བྱས་ཏེ་བྱང་ཀོ་རི་ཡར་དམག་འཁྲུག་རྒྱག་པར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་མཱེ་ཀི་ཕེན་སི་(Mike Pence)ལགས་ལྷོ་ཀོ་རི་ཡར་སྐྱོད་ཡོད་ཅིང་། ཁོང་གི་ལས་རིམ་ལྟར་ན། དེ་རིང་ཉེ་ལམ་ལྷོ་བྱང་ལྷོ་ཀོ་རི་ཡའི་ས་མཚམས་ནས་ཨ་རིའི་དམག་མི་ཕྱིར་འཐེན་བྱེད་ས་ཆ་དེར་གཟིགས་སྐོར་གནང་རྒྱུ་ཡིན་པ་དང་། ཐེངས་འདིའི་གཟིགས་སྐོར་དེ་ལྷོ་ཀོ་རི་ཡ་དང་ཨ་རིའི་འབྲེལ་ལམ་རྒྱུན་འཁྱོངས་དང་སྔར་ལས་སྲ་བརྟན་དུ་གཏོང་ཆེད་ཡིན་འདུག

ཁ་སང་ཨ་རིའི་སྲིད་འཛིན་གཞོན་པ་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཨོལ་(Seoul)དུ་འབྱོར་མ་ཐག བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་ཡོད་ཀྱང་དམིགས་འབེན་ལྟར་ལམ་ལྷོངས་བྱུང་མེད་པ་དང་། ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་སོགས་རྒྱལ་ཁབ་མང་པོ་ཞིག་གིས་ཉེན་བརྡ་བཏང་མིན་ལ་མ་ལྟོས་པར་བྱང་ཀོ་རི་ཡས་བསྟུད་མུར་མེ་ཤུགས་འཕུར་མདའ་ཚོད་ལྟ་ཐེངས་ཁ་ཤས་བྱས་ཡོད་པ་དེ་དག་ཀྱང་ལམ་ལྷོངས་བྱུང་མེད།

ད་ཆར་ཨ་རི་དང་བྱང་ཀོ་རི་ཡའི་འབྲེལ་ལམ་ཛ་དྲག་པོ་ཆགས་ཡོད་པ་དང་། གསར་འགོད་པ་ཚོས་སྐུ་ཞབས་པེཎ་ལགས་སུ་བྱང་ཀོ་རི་ཡའི་གནད་དོན་སྐོར་དྲི་བ་བཏོན་པར་ཁོང་གིས་ “ གནས་ཚུལ་ག་རེ་ཡིན་ཡང་བཟོད་གོམས་ལ་ཚད་ཡོད་པ་རེད། འོན་ཀྱང་། ད་ལྟ་བཟོད་གོམས་ཀྱི་ཚད་གཞི་ལས་བརྒལ་སོང་།”ཞེས་དང་། དེ་བཞིན། “ ད་ལྟའི་གནས་སྟངས་འདི་ང་ཚོས་ཞི་བའི་གྲོས་མོལ་ལ་བརྟེན་ཏེ་སེལ་ཐབས་བྱ་རྒྱུ་ཡིན།” “འོན་ཀྱང་། འདམ་ག་ཡོད་ཚད་ཅོག་ཙེ་ཐོག་ཡོད་པ་རེད།” ཅེས་བརྗོད་འདུག

སྲིད་འཛིན་གཞོན་པས་ཁ་སང་ཐོག་མར་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཡོད་པའི་ཨ་རིའི་དམག་མི་དང་ཁོང་ཚོའི་ནང་མི་རྣམས་ལ་འཚམས་འདྲི་ཞུས་ཡོད་འདུག སྲིད་འཛིན་གཞོན་པ་སྐུ་ཞབས་པེཎ་ལགས་ཀྱི་ཨ་ཕ་ནི་ཨ་རིའི་དམག་མི་ཟུར་པ་ཞིག་ཡིན་པ་དང་། དེ་སྔའི་ལོ་རྒྱུས་ལྡན་པའི་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་ནང་མཉམ་ཞུགས་གནང་མྱོང་ཡོད་པ་རེད།

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལོ་རྒྱུས་ཐོག་བྱང་ཀོ་རི་ཡ་དང་འབྲེལ་ལམ་དམ་ཟབ་ཡོད་པའི་རྒྱ་ནག་གཞུང་གིས་ཀྱང་ཉེ་ཆར་བྱང་ཀོ་རི་ཡའི་གཞུང་ལ་མེ་ཤུགས་འཕུར་མདའ་ཚོད་ལྟ་མཚམས་འཇོག་བྱས་ཏེ། ད་ལྟའི་ཛ་དྲག་གནས་སྟངས་ཞི་བའི་ཐོག་ནས་སེལ་ཐབས་ལ་འབད་བརྩོན་བྱེད་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། བྱང་ཀོ་རི་ཡས་སུ་ལའང་ཉན་འཇོག་མ་བྱས་པར་མེ་ཤུགས་འཕུར་མདའ་ཡང་ཡང་ཚོད་ལྟ་བྱས་པར་བརྟེན་ཏེ། རྒྱ་ནག་གིས་ཀྱང་བྱང་ཀོ་རི་ཡར་འདོད་པ་མེད་པའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་ཐུག་འཕྲད་རྗེས། བྱང་ཀོ་རི་ཡ་དང་ཚོང་འབྲེལ་ཁ་ཤས་མཚམས་འཇོག་བྱས་ཡོད་ལ། དེ་སྔ་བདུན་ཕྲག་གཅིག་ནང་རྒྱ་ནག་གི་རྒྱལ་ས་ནས་བྱང་ཀོ་རི་ཡའི་རྒྱལ་སའི་བར་གནམ་གྲུ་ཐེངས་གསུམ་རེར་འཕུར་བཞིན་ཡོད་པ་དེའང་འགྲུལ་བཞུད་པ་མེད་པར་ཁ་གཡར་ཏེ་གནས་སྐབས་རིང་མཚམས་འཇོག་བྱས་ཡོད་འདུག

བདུན་ཕྲག་སྔོན་མའི་ནང་ཨ་རིའི་སྲིད་འཛིན་གྱིས། བྱང་ཀོ་རི་ཡས་འཛམ་གླིང་ལ་འཇིགས་སྣང་སྐུལ་བཞིན་པའི་གནས་སྟངས་དེར་རྒྱ་ནག་གིས་རོགས་རམ་མ་བྱས་ཀྱང་། ཨ་རི་གཅིག་པུས་གནད་དོན་དེ་སེལ་ཐབས་བྱ་རྒྱུ་ཡིན་ཚུལ་བསྒྲགས་ཡོད་ཀྱང་། ཁ་སང་སྲིད་འཛིན་ཊི་རུམ་ཕིས་ “བྱང་ཀོ་རི་ཡའི་གནད་དོན་སེལ་བར་པེ་ཅིན་གཞུང་གིས་ང་ཚོར་ཕྱག་རོགས་གནང་གི་འདུག” ཅེས་བརྗོད་དེ་ཉེ་ལམ་ཞི་ཅིན་ཕིན་ཨ་རིར་ཡོང་བར་འབྲས་བུ་ཐོན་ཡོད་པའི་རྣམ་འགྱུར་བསྟན་ཡོད།

གསར་འགྱུར་བརྒྱུད་ལམ་ཁག་ཏུ་བྱང་ཀོ་རི་ཡས་གང་མགྱོགས་མེ་ཤུགས་འཕར་མདའ་ཐེངས་དྲུག་པ་ཚོད་ལྟ་བྱ་རྒྱུའི་ཉེན་ཁ་ཡོད་ཚུལ་བཀོད་ཡོད། བྷི་བྷི་སི་གསར་ཁང་གི་གནས་ཚུལ་ནང་། ད་ལྟ་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་རིའི་གནམ་དམག་ ༡༠༠༠ ལྷག་གནམ་གྲུ་དང་ལྷན་དུ་འབྱོར་ཡོད་པ་དང་། ལྷོ་ཀོ་རི་ཡའི་ཆེད་སྦྱོང་མི་སྣ་ ༥༠༠ ལྷག་གིས་ཨ་རིའི་གནམ་དམག་དང་ལྷན་དུ་བདུན་ཕྲག་གཉིས་རིང་མཁའ་དམག་གི་སྦྱོང་བརྡར་བྱ་རྒྱུ་ཡིན་འདུག

དེ་རིང་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཚབ་པས་ཨ་རིའི་སྲིད་འཛིན་གཞོན་པར་ཐུག་འཕྲད་བྱ་རྒྱུ་ཡིན་འདུག་ལ། ཐེངས་འདིར་ཨ་རིའི་སྲིད་འཛིན་གཞོན་པས་ཉིན་གྲངས་ ༡༠ རིང་ཨེ་ཤ་ཡའི་རྒྱལ་ཁབ་བཞིའི་ནང་གཟིགས་སྐོར་གནང་རྒྱུ་ཡིན་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༤/༡༧

Leave a Reply