བྱང་ཀོ་རི་ཡས་ཨ་རྒྱའི་སྲིད་འཛིན་ཐུག་འཕྲད་ལ་དམིགས་པ་རེད་དམ།

ཁ་སང་བྱང་ཀོ་རི་ཡའི་གཞུང་གིས་ཤར་རྒྱུད་གྱི་སེན་ཕོ་ (Sinpo) གྲུ་ཁ་ནས་ཉི་ཧོང་གི་མཚོ་ནང་དུ་མེ་ཤུགས་འཕུར་མདའ་འཕངས་ཏེ་ཚོད་ལྟ་བྱས་འདུག ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གིས་ཐེངས་འདིར་ཚོད་ལྟ་བྱས་པའི་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་དེ་རྒྱང་ཐག་སྤྱི་ལེ་ ༦༠ ལ་བསླེབ་ཐུབ་པའི་ནུས་པ་ཡོད་སྐོར་བརྗོད་འདུག

བྱང་ཀོ་རི་ཡའི་ཕྱོགས་ནས་ཐེངས་འདིའི་མེ་ཤུགས་འཕུར་མདའ་དེ་ནི་ཉེན་ཁ་ཅན་དེ་འདྲ་གང་ཡང་མིན་སྐོར་བཤད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་ལས་གཞི་རྒྱ་ཇེ་ཆེར་འགྲོ་བཞིན་པར་ཞེད་སྣང་བྱེད་ཀྱིན་ཡོད།

ད་ལན་བྱང་ཀོ་རི་ཡས་རྒྱང་སྐྱོད་འཕུར་མདའ་ཚོད་ལྟ་བྱས་པ་དེ་ནི། དེ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཨ་རིར་ཡོང་ནས་སྲིད་འཛིན་ཌོ་ནལ་ཌི་ཊི་རུམ་ཕི་ལ་ཐུག་འཕྲད་བྱེད་པའི་ཉིན་མོའི་སྔ་ནུབ་ལ་འཁེལ་ཡོད་ལ། ཐེངས་འདིའི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་སྐབས་ཨ་རྒྱ་གཉིས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་དང་མེ་ཤུགས་འཕུར་མདའ་བཀག་སྡོམ་བྱེད་ཕྱོགས་ཐད་ལ་གྲོས་མོལ་བྱ་འཆར་ཡོད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བཀག་སྡོམ་བཀའ་ཁྱབ་བཏང་ཡོད་ནའང་། བྱང་ཀོ་རི་ཡས་རྒྱལ་ཚོགས་ཀྱི་དཔལ་འབྱོར་ཉེས་ཆད་ལ་མ་བལྟས་པར་མུ་མཐུད་རྒྱང་སྐྱོད་འཕུར་མདའ་ཚོད་ལྟ་བྱེད་ཀྱིན་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལིར་སོན་ (Rex Tillerson) གྱིས་ཐེངས་འདིའི་བྱང་ཀོ་རི་ཡའི་རྒྱང་སྐྱོད་འཕུར་མདའ་དེ་ནི་རང་འགུལ་གྱི་ནུས་ཚད་འབྲིང་ཙམ་ཡིན་པའི་རྒྱང་སྐྱོད་འཕུར་མདའ་གཞན་ཞིག་ཡིན་སྐོར་བརྗོད་ཡོད། ཁོས་བཤད་རྒྱུར། “ཨ་རིའི་ཕྱོགས་ནས་བྱང་ཀོ་རི་ཡར་སྐད་ཆ་མང་པོ་བཤད་པ་ཡིན། ང་ཚོར་དེ་ལས་ལྷག་ཅིག་བཤད་རྒྱུ་མེད” ཅེས་བརྗོད་འདུག

ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཨ་རིའི་དམག་དཔུང་གི་དམག་སྤྱི་ཞིག་གིས་ཐེངས་འདིར་ཚོད་ལྟ་བྱས་པའི་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདའ་དེ་རང་འགུལ་ནུས་བ་འབྲིང་ཙམ་ཡིན་པའི་རྒྱང་སྐྱོད་འཕུར་མདའ་ (KN-15) ཞེས་པ་དེ་ཡིན་སྐོར་བརྗོད། ཁོས་བཤད་རྒྱུར། “བྱང་ཨ་རིའི་མཁའ་དམག་གི་དམག་སྤྱིས་བྱང་ཀོ་རི་ཡའི་རྒྱང་སྐྱོད་འཕུར་མདའ་དེས་བྱང་ཨ་རིར་ཉེན་ཁ་མེད་སྐོར་བརྗོད་འདུག” ཅེས་ཟེར།

ཉི་ཧོང་ཕྱོགས་ནས་བྱང་ཀོ་རི་ཡས་རྒྱང་སྐྱོད་འཕུར་མདའ་ཚོད་ལྟ་བྱས་པ་དེ་ནི་རྒྱལ་ཁབ་ཕན་ཚུན་བར་ཁོང་ཁྲོ་སློང་གཞི་ཞིག་དང་། བྱང་ཀོ་རི་ཡ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བདེ་འཇགས་དང་ཞི་བདེ་ལ་འཇིག་ཉེན་བཟོས་པ་ཞིག་ཡིན་སྐོར་བརྗོད། ལྷོ་ཀོ་རི་ཡའི་ཕྱོགས་ནས་བྱང་ཀོ་རི་ཡས་མུ་མཐུད་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་ཀྱིན་པ་དེ་ནི་བྱང་ཀོ་རི་ཡས་འཛམ་གླིང་མཉམ་འབྲེལ་རྒྱལ་ལ་འགྲན་བསླངས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག

ཟླ་སྔོན་མར་བྱང་ཀོ་རི་ཡས་རྒྱ་ནག་གི་མཐའ་མཚམས་སུ་ཉེ་བའི་ (Tongchang-ri) ས་ཁུལ་ནས་མེ་ཤུགས་འཕུར་མདའ་ ༤ ལ་ཚོད་ལྟ་བྱས་འདུག ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེས་བྱང་ཀོ་རི་ཡས་རྒྱང་སྐྱོད་འཕུར་མདའ་ཚོད་ལྟ་བྱས་པ་དེ་ནི་འཇིགས་སྐུལ་གྱི་གར་སྟེགས་གསར་བ་ཞིག་ཡིན་སྐོར་བརྗོད།

བདུན་ཕྲག་སྔོན་མར་ཨ་རིའི་ནོར་སྲིད་ལྷན་ཁང་གིས་བྱང་ཀོ་རི་ཡའི་ཚོང་ལས་སྐུ་ཚབ་བཅུ་གཅིག་དང་ཚོང་གཉེར་ཁང་གཅིག་བཅས་ལ་དཔལ་འབྱོར་ཉེས་ཆད་བཅད་འདུག དེ་རིང་གཟའ་ཕུར་བའི་ཉིན་ཨ་རིའི་ཆབ་སྲིད་པ་ཚོས་བྱང་ཀོ་རི་ཡ་ནི་འཇིགས་སྐུལ་བའི་སྦྱིན་བདག་ལྟ་བུ་ཞིག་ཡིན་པའི་ངོས་འཛིན་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་འདུག

བྱང་ཀོ་རི་ཡའི་ཕྱོགས་ནས་གལ་ཏེ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་མུ་མཐུད་དུ་བཅད་ཚེ། བྱང་ཀོ་རི་ཡས་དེ་ལ་ཡ་ལན་སློག་རྒྱུ་ཡིན་སྐོར་དང་། ཨ་རིས་བཙན་ཤེད་ལ་བརྟེན་ནས་རྒྱལ་ཁབ་ཕན་ཚུན་བར་གྱི་རྩོད་རྙོག་གནས་སྟངས་དེ་དམག་འཁྲུག་གི་ངོ་བོར་སྒྱུར་བཞིན་ཡོད་སྐོར་བརྗོད།

ཉེ་ཆར་བཅར་འདྲི་ཞིག་གི་སྐབས་ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རུམ་ཕིས་རྒྱ་ནག་གིས་རང་ཉིད་ཀྱི་ཁྱིམ་མཚེ་རྒྱལ་ཁབ་ཀྱི་སུན་གཙེར་ལ་འཛེམས་ཏེ་ཨ་རིར་རོགས་སྐྱོར་མ་བྱས་ཀྱང་ཨ་རི་གཅིག་པུས་བྱང་ཀོ་རི་ཡའི་རྡུལ་ཕྲན་དང་རྒྱང་སྐྱོད་འཕུར་མདའ་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།

རྒྱ་ནག་ནི་དུས་ཡུན་རིང་བོར་བྱང་ཀོ་རི་ཡའི་མཐུན་ཕྱོགས་རྒྱལ་ཁབ་དང་ཚོང་འབྲེལ་རྒྱལ་ཁབ་ཆགས་ཡོད་ཀྱང་། བྱང་ཀོ་རི་ཡས་མུ་མཐུད་རྡུལ་ཕྲན་གསར་བཟོ་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱེད་བཞིན་པར་བརྟེན་ཏེ། ད་ཆར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་རྙོག་འཛིང་གི་ངོ་བོར་འགྱུར་ཡོད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༤/༠༥

Leave a Reply

2 thoughts on “བྱང་ཀོ་རི་ཡས་ཨ་རྒྱའི་སྲིད་འཛིན་ཐུག་འཕྲད་ལ་དམིགས་པ་རེད་དམ།

  1. ཁ་སང་རྒྱ་ནག་དང་ཨ་རིའི་སྲིད་འཛིན་ཐུག་ཏེ་རྙོག་གྲ་ག་རེ་བྱུང་འདུག ངོ་མ་ལྟད་མོ་ཡོད་རྒྱུ་རེད།