བྱང་ཆུབ་སྡོང་བོར་ཉེར་འཚེ་མི་འདུག

གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་སྡོང་བོའི་ཁ་དོག་འགྱུར་ཞིང་ལོ་མ་མང་པོ་ཟེགས་པར་ནང་པ་ཚོས་སེམས་ཁྲལ་བྱེད་བཞིན་ཡོད་ཀྱང་ཚན་རིག་པས་ཞིབ་འཇུག་བྱས་པ་བརྒྱུད་དེ་སྡོང་བོའི་གནས་སྟངས་ཡག་པོ་ཡོད་སྐོར་བརྗོད་འདུག

དེ་རིང་རྒྱ་གར་དུས་བབ་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་ནང་པའི་དད་ལྡན་པ་ཚོས་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་གྲིབ་བསིལ་འོག ནང་པའི་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་པར་ཡིད་ཆེས་དང་དད་པ་བྱེད་བཞིན་པའི་སྡོང་བོ་དེའི་ཁ་དོག་ཅུང་ཟད་འགྱུར་བ་དང་། སྔར་དང་མི་འདྲ་བར་ལོ་མ་མང་པོ་ས་རུ་ཟེགས་པ་སོགས་ལ་བརྟེན་ཏེ། ནང་པའི་དད་ལྡན་པ་ཚོར་སེམས་ཁྲལ་བྱུང་ཡོད་པ་དང་། རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་གྱི་ནགས་ཚལ་ཞིབ་འཇུག་བསྟི་གནས་ཁང་གིས་ཞིབ་འཇུག་བྱས་སྐབས། བྱང་ཆུབ་སྡོང་བོའི་གནས་སྔར་བཞིན་ཡག་པོ་འདུག་སྟབས་ཐུགས་ཁྲལ་གནང་མི་དགོས་སྐོར་བརྗོད་འདུག

ནང་པ་ཚོས་སྟོན་པ་བཅོམ་ལྡན་འདས་ཤིང་སྡོང་དེའི་འོག་ཉམས་ལེན་གནང་སྟེ་མཐར་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་ཀྱི་ཡོད་སྟབས་སྡོང་བོ་དེར་ལོ་ངོ་ ༢༦༠༠ ལྷག་གི་ལོ་རྒྱུས་ཡོད་པ་དང་། ༢༠༠༧ ལོར་རྒྱ་གར་ནགས་ཚལ་ཞིབ་འཇུག་བསྟི་གནས་ཁང་གིས། རྡོར་གདན་མཆོད་རྟེན་ལྟ་སྐྱོང་ཚོགས་པར་བྱང་ཆུབ་སྡོང་བོར་ལྟ་རྟོགས་དང་རང་འབྱུང་རྐྱེན་ངན་སོགས་ལས་ཉེན་སྲུང་གི་གན་རྒྱ་བཞག་ཡོད་སྟབས། ཐེངས་འདིར་བྱང་ཆུབ་སྡོང་བོར་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་བྱུང་སྟབས་ཁོང་ཚོས་ཞིབ་འཇུག་བྱས་ཡོད་པ་རེད།

རྒྱ་གར་དུས་བབ་གསར་འགོད་པས་ཞིབ་འཇུག་བསྟི་གནས་ཁང་དེའི་ཚན་རིག་པ་ཧར་ཥ་(Harsh)ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས། “ང་ཚོས་བྱང་ཆུབ་སྡོང་བོར་ཞིབ་འཇུག་བྱས་སྐབས། ཉེ་ལམ་སྡོང་བོ་དེར་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་བྱུང་བ་ནི། ད་ལོ་སྔར་དང་མ་འདྲ་བར་སྟོན་ཁའི་དུས་ཡུན་ཅུང་རིང་བོ་ཡིན་སྟབས། དུས་ཐོག་ཏུ་སྡོང་ལོ་གསར་པ་སྐྱེ་མ་ཐུབ་པའི་དབང་གིས་རེད་འདུག དེ་ནི་རང་བྱུང་ཁོར་ཡུག་གི་རང་བཞིན་ཞིག་རེད། ད་ཆར་སྡོང་བོའི་ཡལ་ག་ཁ་ཤས་ལ་མྱུ་གུ་དང་ལོ་མ་གསར་པ་སྐྱེ་མགོ་ཚུགས་འདུག” ཅེས་བརྗོད་འདུག

ཚན་རིག་པ་ཧར་ཥ་ལགས་ཀྱིས། རྩ་ཆེའི་བྱང་ཆུབ་སྡོང་བོ་དེ་ ༢༠༠༧ ལོར་སྐམ་རྒྱུའི་ཉེན་ཁ་ཡོད་པའི་མངོན་རྟགས་ཕྲན་བུ་བྱུང་ཡོད་ཀྱང་། དེ་མ་ཐག་ང་ཚོས་ཞིབ་འཇུག་བྱས་ཏེ་སྡོང་བོའི་འཚོ་བཅུད་བསྐྱར་གསོ་བྱས་པ་དང་། རྡོར་གདན་མཆོད་རྟེན་ལྟ་སྐྱོང་ཚོགས་པར། མང་ཚོགས་ཀྱིས་བྱང་ཆུབ་སྡོང་བོར་ཆུ་ལྡུག་པ་དང་། སྡོང་བོའི་འོག་དང་ཉེ་འཁོར་དུ་མཆོད་མེ་འཇོག་པ་སོགས་གནས་སྐབས་རིང་འགོག་དགོས་པའི་ལམ་སྟོན་བྱས་པ་ལྟར། ཁོ་ཚོས་ལག་ལེན་སྟར་ཏེ་ལོ་ཤས་རྗེས་སླར་ཡང་སྡོང་བོའི་གནས་སྟངས་ཇེ་བཟང་དུ་ཕྱིན་པ་རེད། ཅེས་སོགས་བརྗོད་འདུག

ད་ལྟའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་སྡོང་བོ་དེ་ནི། ཕྱི་ལོའི་སྔོན་གྱི་དུས་རབས་ ༦ པའི་ནང་། སངས་རྒྱས་ཤཱཀྱ་མུ་ནེ་སྡོང་བོ་དེའི་གྲིབ་བསིལ་འོག་བཞུགས་ཏེ་སྒོམ་ཉམས་ལེན་གནང་མཐར་མངོན་པར་རྫོགས་པར་སངས་རྒྱས་པ་དང་། དུས་དེ་ནས་བཟུང་སྟེ་སྡོང་བོ་དེའི་རྒྱུན་མ་ཉམས་པར་ད་ལྟའི་བར་གནས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

འདས་པའི་ལོ་རྒྱུས་ལ་གཞིགས་ན། བར་སྐབས་ཤིག་ལ་བྱང་ཆུབ་སྡོང་བོ་དེར་རྐྱེན་ངན་བར་ཆད་བྱུང་ཡོད་ཀྱང་། ནང་པའི་དད་ལྡན་ཚོས་བསྐྱར་དུ་སྔར་གྱི་ཤུལ་དུ་བྱང་ཆུབ་སྡོང་བོའི་ཡལ་ག་བཙུགས་པར་ལོ་འདབ་རྒྱས་ཏེ་བྱང་ཆུབ་སྡོང་བོའི་རྒྱུན་མ་ཉམས་པར་གནས་པ་ཞིག་ཡིན་འདུག

༡༨༦༢ ལོར་དབྱིན་ཇིའི་གནའ་དངོས་ཤུལ་བཞག་ཞིབ་འཇུག་པ་སྐུ་ཞབས་ཨེ་ལེཀ་ཛེན་ཌར་ཀཱན་ནིང་གྷམ་(Alexander Cunningham)ལགས་ཀྱིས་བྱང་ཆུབ་སྡོང་བོའི་ནུས་པ་ཉམས་བཞིན་ཡོད་སྟབས་རིང་མིན་སྐམ་རྒྱུ་ཡིན་པར་མཐོང་ཞིང་། ༡༨༧༦ ལོར་རླུང་འཚུབ་ཆེན་པོ་ཞིག་གིས་བྱང་ཆུབ་སྡོང་བོ་ས་རུ་འགྱེལ་ཡོད་ཀྱང་། ༡༨༨༡ ལོར་ཁོང་གིས་སྔོན་མའི་ཤུལ་དུ་བྱང་ཆུབ་སྡོང་བོའི་ཡལ་ག་ཞིག་བཙུགས་པ་རིམ་གྱིས་འདབ་མ་དང་ཡལ་ག་རྒྱས་ཏེ་ད་ལྟའི་བྱང་ཆུབ་སྡོང་བོ་འདི་ཉིད་གྲུབ་པ་ཡིན་འདུག

ནང་པའི་གནས་ཆེན་གཉན་ཡོད་དང་། ཨུ་ནུ་ར་ཌ་པཱུ་རཱ་(Anuradhapura)དགོན་པ་དང་། དེ་བཞིན་ཤྲི་ལཱང་ཀཱ་སོགས་ཀྱི་བྱང་ཆུབ་སྡོང་བོ་དག་ཀྱང་རྡོ་རྗེ་གདན་གྱི་བྱང་ཆུབ་སྡོང་བོའི་ཡལ་ག་ཁྱེར་ནས་བཙུགས་པ་ཞིག་ཡིན་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༤/༡༩

Leave a Reply