བྱིས་པ་ཞིག་ལ་ཚེ་གང་གནམ་གྲུར་སྐྱོད་པར་རིན་མེད་ཡིན་པའི་སྐྱེས་སྐར་ལག་རྟགས་སྤྲད།

རྒྱ་གར་བུད་མེད་ཅིག་ལ་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་ནང་ཕྲུ་གུ་སྐྱེས་ཡོད་སྟབས་གནམ་གྲུ་དེའི་བཟོ་གྲྭས་ཕྲུ་གུ་དེའི་མི་ཚེ་ཧྲིལ་བོར་བཟོ་གྲྭ་དེའི་གནམ་གྲུའི་ནང་འཛམ་གླིང་གང་དུ་སྐྱོད་ཀྱང་རིན་མེད་ཡིན་པའི་གསལ་བསྒྲགས་བྱས་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཉི་མའི་ཐོ་རངས་ཆུ་ཚོད་ ༢་༥༥ སྟེང་སོ་དྷེ་ཨ་རཱ་བྷི་ཡའི་རྒྱལ་ས་ཌམ་མན་(Dammam)ནས་རྒྱ་གར་ལྷོ་ནུབ་གྲོང་ཁྱེར་ཀོ་ཆའེ་(Kochi)ལ་འཕུར་བཞིན་པའི་རྒྱ་གར་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་ནང་ལོ་ན་ ༢༩ ཡིན་པའི་རྒྱ་གར་བུད་མེད་ཅིག་ལ་ཕྲུ་གུ་བུ་ཞིག་སྐྱེས་ཏེ། འགྲུལ་སྐྱེལ་གནམ་གྲུ་དེའི་ནང་སྐྱེས་པའི་བྱིས་པ་ཐོག་མ་དེ་ཆགས་ཡོད་སྟབས། རྒྱ་གར་འགྲུལ་སྐྱེལ་གནམ་གྲུ་(Jet Airways 9W 569)ཞེས་བའི་ལས་ཁུངས་ཀྱིས་བྱིས་པ་དེའི་མི་ཚེ་ཧྲིལ་བོར་འཛམ་གླིང་ས་ཕྱོགས་གང་དུ་བསྐྱོད་ཀྱང་བཟོ་གྲྭ་དེའི་གནམ་གྲུ་དག་གི་ནང་རིན་མེད་ཡིན་པའི་ཐག་གཅོད་བྱས་ཡོད་འདུག

བུད་མེད་དེའི་མིང་ལ་ཟའི་ཇཱོ་སི་(C. Jose)ཟེར་གྱི་ཡོད་པ་དང་ཁོ་མོའི་ཕ་ཡུལ་རྒྱ་གར་ཀེ་ར་ལཱ་ (Kerala) མངའ་སྡེ་ཡིན་འདུག ཁོ་མོས་བྱིས་པ་དེ་མངལ་ལ་འཁུར་ཏེ་ཟླ་ ༨ མ་ཟིན་ཙམ་ལས་ཕྱིན་མེད་ཀྱང་ཁ་སང་སོ་དྷེ་ཨ་རཱ་བྷི་ཡ་ནས་ཕྱིར་རང་ཁྱིམ་དུ་ལོག་སྐབས་གནམ་གྲུའི་ནང་གློ་བུར་དུ་ན་ཟུག་བརྒྱབ་སྟེ། གནམ་གྲུའི་ནང་མིང་ལ་མཱི་ནེ་ཝེ་སོན་(Mini Wilson)ཟེར་བའི་སྨན་ཞབས་འགྲུལ་བ་ཞིག་ཡོད་པ་དེ་དང་། གནམ་གྲུའི་ལས་བྱེད་དག་གི་རོགས་སྐྱོར་འོག་བདེ་ཐང་ངང་ཕྲུ་གུ་བུ་ཞིག་སྐྱེས་ཡོད་པ་དང་། སྐབས་དེར་འགྲུལ་སྐྱེལ་གནམ་གྲུ་དེ་རྨིད་ ༣༥༠༠༠ ལྷག་གི་མཁའ་དབྱིངས་སུ་འཕུར་ཏེ། པ་ཀི་སི་ཐན་བརྒྱུད་དེ་རྒྱ་གར་ཀེ་ར་ལཱ་མངའ་སྡེའི་གྲོང་ཁྱེར་ཀོ་ཆའེ་ལ་བར་འཕུར་བཞིན་ཡོད་ཀྱང་། གནས་ཚུལ་དེའི་དབང་གིས་གློ་བུར་དུ་ཁ་ཕྱོགས་བསྒྱུར་ཏེ་རྒྱ་གར་མུམ་བྷེ་(Mumbai)གྲོང་ཁྱེར་ནུབ་ཕྱོགས་ཀྱི་གནམ་ཐང་ཞིག་ཏུ་ཛ་དྲག་ཐོག་བབས་ཏེ། བཙས་མ་ཐག་པའི་ཕྲུ་གུ་དང་ཨ་མ་གཉིས་གནམ་ཐང་དེའི་ཉེ་འགྲམ་གྱི་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་པ་དང་། གནམ་གྲུ་དེའི་ལས་བྱེད་ཅིག་གིས་ “ད་ལྟ་བྱིས་པ་དང་བྱིས་པའི་ཨ་མ་གཉིས་བདེ་ཐང་ཡིན་” ཞེས་བརྗོད་འདུག

རྒྱ་གར་འགྲུལ་སྐྱེལ་གནམ་གྲུ་(Jet Airways)ཞེས་བའི་ལས་ཁུངས་ཀྱིས་དེ་སྔ་གནམ་གྲུ་དེའི་ལས་བྱེད་ཚོར་སྲོག་སྐྱོབ་སྤྱོང་བརྡར་གྱི་གོ་སྐབས་སྤྲད་པའི་འབྲས་བུར་ད་ལྟ་སྨིན་སོང་ཞེས་བསྒྲགས་ཡོད་པ་དང་། གནམ་གྲུ་དེའི་ནང་བཙས་བའི་བྱིས་པ་དེར་མི་ཚེ་ཧྲིལ་བོར་གནམ་གྲུ་དེའི་བཟོ་གྲྭས་བཟོས་པའི་གནམ་གྲུ་དག་གི་ནང་འཛམ་གླིང་ས་ཕྱོགས་གང་དུ་བསྐྱོད་ཀྱང་རིན་མེད་ཐོག་བསྐྱོད་ཆོག་པའི་ཐག་གཅོད་གསལ་བསྒྲགས་བྱས་ཡོད་པ་རེད།

འགྲུལ་སྐྱེལ་གནམ་གྲུ་དེའི་ནང་འགྲུལ་བ་ ༡༦༢ ཡོད་པ་དང་། གནམ་གྲུ་དེ་རྒྱུན་ལྡན་ལྟར་ན་སོ་དྷེ་ཨ་རཱ་བྷི་ཡའི་རྒྱལ་ས་ཌམ་མཱན་ནས་ཆུ་ཚོད་ ༢་༥༥ སྟེང་འཕུར་ཏེ་རྒྱ་གར་གྱི་གྲོང་ཁྱེར་ཀོ་ཆའེ་ནང་ཉིན་གུང་ཆུ་ཚོད་ ༡༡་༡༥ སྟེང་འབྱོར་གྱི་ཡོད་ཀྱང་། གློ་བུར་གནས་ཚུལ་དེའི་དབང་གིས་མུམ་བྷེ་གནམ་ཐང་དུ་ཁྱུག་ཙམ་རིང་སྡོད་དགོས་བྱུང་སྟབས། ཀོ་ཆའེ་ནང་ཉིན་རྒྱབ་ཆུ་ཚོད་ ༡༢་༤༥ སྟེང་འབྱོར་ཏེ་སྐར་མ་ ༩༠ ཡི་རྗེས་ལུས་ཐེབས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༦/༡༩

Leave a Reply