བློ་བཟང་དར་རྒྱས་བཙན་འཁྲིད་བྱས།

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ཀྱིས་ཞི་རྒོལ་སྐད་འབོད་གནང་སྟེ་ཉེན་རྟོག་པས་བཙན་འཁྲིད་ཀྱིས་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག

འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༠།༤༥ ཙམ་གྱི་ཐོག་རྔ་བ་རྫོང་གི་ཁྲོམ་གཞུང་དུ། ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་དར་རྒྱས་ཞུ་བ་ཞིག་གིས་ཞི་རྒོལ་སྐད་འབོད་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་བསླེབས་ཏེ་ཁོང་བཙན་འཁྲིད་བྱས་ཡོད་པ་རེད། ད་ལྟའི་ཆར་ཁོང་གང་དུ་ཡོད་པ་དང་གནས་སྟངས་ཅི་འདྲ་ཡིན་སོགས་ཅི་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

ཁོང་གིས་ཞི་རྒོལ་མ་གནང་གོང་དུ་སྤྱི་ཚོགས་དྲ་ལམ་དུ་(༣།༡༦ )དེ་རིང་ནི་ཅི་ཞིག་གི་ཉི་མ་ཡིན་པ་མ་བརྗེད་ཅིག ཁྲག་གིས་ཞབས་རྗེས་དེ་དག་ནམ་ཡང་དྲན་པར་བྱའོ།། ཞེས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གྱི་རྩོམ་ཐུང་ཞིག་བྲིས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༢༠

Leave a Reply