བྷིན་ལ་དྷིན་གྱི་བུས་ཕ་ཤུལ་འཛིན་རྒྱུར་གྲ་སྒྲིག

ད་ལྟ་རང་ལོ་ ༢༠ སོན་མ་ཐག་པའི་འཇིགས་སྐུལ་དྲག་སྤྱོད་པ་བྷིན་ལ་དྷིན་གྱི་བུ་ཧམ་ཛ་ཡིས་འཛམ་གླིང་གི་ཁ་ཆེ་དྲག་སྤྱོད་པ་རྣམས་ལ་སྐུལ་སློང་བྱས་ཏེ་ཁོ་རང་གིས་ཨ་ཕའི་ཤུལ་འཛིན་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

དེ་རིང་སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇིགས་སྐུལ་དྲག་སྤྱོད་པའི་རྒྱལ་བོར་གྲགས་པའི་ཨཱོ་ས་མ་བྷིན་ལ་དྷིན་(Osama bin Laden)གྱི་བུས་སྐད་ཆ་བཤད་ཡོད་པའི་སྒྲ་འཇུག་ཅིག་ཁྱབ་སྤེལ་བྱས་ཡོད་པ་དང་། སྒྲ་འཇུག་དེས་བྷིན་ལ་དྷིན་བསད་རྗེས་ཁོའི་རྗེས་འཇུག་དྲག་སྤྱོད་པ་རྣམས་ཁ་ཐོར་ཕྱིན་ཡོད་ཀྱང་། ད་ལྟ་དྲག་སྤྱོད་པ་ཚོས་ཨཱོ་ས་མའི་ཁྱིམ་མི་བེད་སྤྱོད་བཏང་སྟེ་སླར་ཡང་གཅིག་སྒྲིལ་བྱ་འདོད་ཡོད་པ་བསྟན་ཡོད།

སྒྲ་འཇུག་དེར་སྐར་མ་ ༡༠ ཡོད་པ་དང་། དེའི་ནང་ཨཱོ་ས་མ་བྷིན་ལ་དྷིན་གྱི་བུ་ཧམ་ཛ་བྷིན་ལ་དྷིན་(Hamza bin Laden)གྱིས་འདས་པའི་ལོ་ཟླའི་ནང་ཁོ་རང་གི་ཨ་ཕ་དང་། ཁོའི་རྗེས་འཇུག་པ་ཚོས་འཐབ་རྒོལ་བྱས་པར་དྲན་གསོ་བྱས་ཡོད་པ་མ་ཟད། མ་འོངས་པར་ཁོ་དང་ཁོ་བོའི་རྗེས་འཇུག་པ་རྣམས་ཀྱིས་ཇེའུ་ཆོས་ལུགས་པ་(Jews)དང་། ཨ་རི་བ། ནུབ་གླིང་པ། ཨུ་རུ་སུའི་མི་སོགས་ལ་ལས་སླ་བོའི་ཐོག་ནས་ཁེར་རྐྱང་གིས་ཁེར་རྒོལ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག ཁོས་ “ཁྱོད་ཀྱིས་མེ་མདའི་རིགས་ཀྱི་མཚོན་ཆ་འཛིན་ཐུབ་ན་ལེགས་ཀྱང་། གལ་སྲིད་དེ་མ་བྱུང་ཡང་འདམ་ག་གཞན་མང་པོ་ཡོད།” ཅེས་བརྗོད་འདུག

བར་སྐབས་ཤིག་ནས་ཧམ་ཛ་ཡི་བརྙན་ཐུང་དང་སྒྲ་འཇུག་ཁ་ཤས་རིམ་པ་བཞིན་ཐོན་ཡོད་པ་དང་། ཆེད་མཁས་པ་ཚོས་ཧམ་ཛ་ཡི་བཤད་སྤྱོད་དེ་དག་གིས་དྲག་སྤྱོད་པའི་གྲངས་འབོར་མང་དུ་འགྲོ་སྲིད་པའི་ཉེན་ཁ་ཡོད་ཚུལ་བརྗོད།

ཧམ་ཛ་ལ་སོ་མྱུལ་བྱེད་མཁན་ཨ་རིའི་གསང་བའི་ལས་བྱེད་ཟུར་པ་ཨ་ལི་སཱའུ་ཕེན་(Ali Soufan)ཀྱིས། “ཁོས་རང་གི་ཨ་ཕའི་སྐད་ཆ་བཤད་སྟངས་དང་སྐད་གདངས། ཐ་ན་ཨ་ཕས་བེད་སྤྱོད་བྱེད་བཞིན་པའི་མིང་ཚིག་སོགས་ཀྱང་བེད་སྤྱོད་གཏོང་གི་འདུག” ཅེས་དང་། “ཧམ་ཛ་ནི་ལོ་ན་ཆུང་ཡང་ད་ལྟ་ནས་ཨཱལ་ཁའེ་ཌ་(al Qaeda)འཇིགས་སྐུལ་དྲག་སྤྱོད་ཚོགས་པར་ཞུགས་ཡོད་སྟབས། ཁོས་མ་འོངས་པར་འཛམ་གླིང་གང་སར་ཡོད་པའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་རྣམས་ཆིག་བསྒྲིལ་བྱས་ཏེ་སྣེ་འཁྲིད་བྱ་སྲིད་པའི་ཉེན་ཁ་འདུག”ཅེས་བརྗོད།

ཨཱལ་ཁའེ་ཌའི་མགོ་ཁྲིད་ཛཱ་ཝ་ཧི་རི་(Ayman al-Zawahiri)ཡིས་ ༢༠༡༥ ལོར་བརྙན་ཐུང་ཞིག་ཕྱིར་བསྒྲགས་བྱས་པའི་ནང་ཧམ་ཛ་ལ་ཨཱལ་ཁའེ་ཌའི་སེང་གེ་ཞེས་ངོ་སྤྲོད་བྱས་ཡོད། ད་ལྟ་ཧམ་ཛ་ལོ་ན་ ༢༠ ཡིན་པ་དང་། ཁོས་བརྙན་ཐུང་ཁག་གི་ནང་རང་གི་ཨ་ཕའི་མེ་མདའ་བཟུང་བ་དང་། སྙན་ངག་གྱེར་འདོན་བྱེད་པ། ཕྲུ་གུ་གཞན་གྱི་མཉམ་དུ་དམག་སྦྱོང་བྱེད་བཞིན་པ་སོགས་བསྟན་ཡོད།

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་སཱའུ་ཕེན་ལགས་ཀྱིས། “ ཧམ་ཛ་ལ་ཡིད་དབང་འགུག་པའི་ཁྱད་ཆོས་མང་པོ་འདུག ལྷག་པར་དུ་ཁོ་རང་ལོ་ཆུང་ཡང་མི་མང་ལ་སྐད་ཆ་གོ་རིམ་ལྡན་པ་དང་དོན་སྙིང་ལྡན་པ་བཤད་ཐུབ་ཀྱི་འདུག”ཅེས་བརྗོད་ཡོད། སཱའུ་ཕེན་གྱིས། “ཨ་རིར་ ༩ ། ༡༡ གི་དོན་རྐྱེན་བྱུང་སྐབས་ཧམ་ཛ་ཨེ་རན་(Iran)དུ་ཡོད། དོན་རྐྱེན་དེ་བྱུང་མ་ཐག་ཁོ་ཨེ་རན་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་བཟང་བཙོན་དུ་བཅུག་ཡོད། བཟང་བཙོན་དུ་སྡོད་ཡུན་རིང་ཁོས་ཨཱལ་ཁཱའེ་ཌའི་དམག་མིའི་སྐོར་དང་འཇིགས་སྐུལ་བའི་ལྟ་གྲུབ་སོགས་ལ་སློབ་སྦྱོང་བྱས་ཡོད་པ་མ་ཟད། སྐབས་དེར་ཁོས་རང་གི་ཨ་ཕར་ཡི་གེ་ཞིག་བྲིས་ཡོད་པའི་ནང་། ཁོ་རང་ག་ལེར་བཙོན་ནས་བྲོས་ཏེ་ཁ་ཆེ་འཇིགས་དྲག་སྤྱོད་ཚོགས་པ་མཱའུ་ཇ་ཧ་དྷིན་(Mujahideen)ནང་ཞུགས་རྒྱུའི་གྲ་སྒྲིག་ཡོད་སྐོར་བཀོད་འདུག”ཅེས་བརྗོད་ཡོད།

བྷིན་ལ་དྷིན་གསོད་མཁན་ཨ་རིའི་དམག་མིའི་མགོ་ཁྲིད་ཚོས་བརྗོད་པ་ལྟར་ན། ༢༠༡༡ ལོར་བྷིན་ལ་དྷིན་བསད་ཤུལ་ནས་རྙེད་སོན་བྱུང་བའི་ཡིག་ཚོགས་ནང་། བྷིན་ལ་དྷིན་གྱིས་ཧམ་ཛ་ཁོ་རང་ཡོད་སར་ཁྲིད་རྩིས་བྱས་ཡོད་ཀྱང་ལམ་ལྷུང་བྱུང་མེད་པ་དང་། རྗེས་སུ་ཁོ་གཉིས་ཐུག་འཕྲད་བྱེད་ཐུབ་མི་འདུག ཧམ་ཛ་ལ་གཅུང་པོ་ཁཱ་ལིཏ་(Khalid)ཟེར་བ་ཞིག་ཡོད་པ་དེ་ཨ་རིའི་དམག་མིས་བྷིན་ལ་དྷིན་དང་མཉམ་དུ་བསད་ཡོད་འདུག

དེང་སྐབས་སྐད་གྲགས་ཡོད་པའི་འཇིགས་སྐུལ་ཚོགས་པ་ (ISIS)ལྟར། ཨཱལ་ཁའེ་ཌར་སྐད་གྲགས་ཆེན་པོ་མེད་ཀྱང་། མ་འོངས་པར་ཧམ་ཛ་ཡིས་ཨཱལ་ཁའེ་ཌར་མགོ་ཁྲིད་བྱས་ཏེ་རྒྱ་སྐྱེད་དང་སྐད་གྲགས་ཆེན་པོ་ཆགས་སྲིད་པའི་ཉེན་ཁ་ཡོད། དྲག་སྤྱོད་པའི་སྐོར་ལ་ཞིབ་འཇུག་བྱེད་མཁན་པི་ཏར་བྷར་ཇེན་(Peter Bergen)གྱིས། “ཧམ་ཛ་ནི་ཨཱལ་ཁའེ་ཌ་ཚོགས་པའི་ཚོགས་མི་གསར་པ་ཡིན་ཡང་། རིམ་གྱིས་ཁོ་རང་གི་དབང་ཤུགས་ཆེ་རུ་འགྲོ་ངེས་རེད།” ཅེས་བརྗོད་འདུག

ད་དུང་ཁོས་ད་ལྟའི་བར་ཨཱལ་ཁའེ་ཌས་ཨའེ་ཨེ་སི་ལྟར་གདུག་རྩུབ་ཆེ་བའི་དྲག་སྤྱོད་དང་། ཧང་སང་དགོས་པའི་བྱ་སྤྱོད་སོགས་དེ་ཙམ་སྤེལ་མེད་ཀྱང་། དཀྱིལ་ཤར་ཡུལ་གྲུའི་ཁ་ཆེ་རྒྱལ་ཁབ་མང་ཆེ་བའི་ནང་ཨཱལ་ཁའེ་ཌའི་ཚོགས་མི་ཡོད་སྟབས། ཚོགས་པ་བརྟན་པོ་དང་སྟོབས་ཤུགས་ཆེན་པོ་རེད། ཅེས་བརྗོད་འདུག ད་ལྟ་ཨའེ་ཨེ་སི་དང་ཨཱལ་ཁའེ་ཌ་གཉིས་ཚོགས་པ་སོ་སོ་ཡིན་ཡང་། མ་འོངས་ཚོགས་པ་གཉིས་ཟླ་བསྒྲིལ་ཆགས་མི་སྲིད་པ་མིན་དང་། ཉེ་ལམ་ཨེ་རག་གི་སྲིད་འཛིན་གཞོན་པས་རཱུ་ཏར་གསར་ཁང་ལ་ཨའེ་ཨེ་སི་དང་ཨཱལ་ཁའེ་ཌ་གཉིས་ཀྱི་མགོ་ཁྲིད་ཚོས་ཕན་ཚུན་ཕོ་ཉ་གཏོང་རེས་བྱེད་ཀྱི་འདུག་ཅེས་བརྗོད་ཡོད། གལ་སྲིད་སི་རི་ཡར་དམག་འཐབ་བྱེད་བཞིན་པའི་ཨའེ་ཨེ་སི་ལ་ཕམ་ཉེས་ཆེན་པོ་བྱུང་ན་ཨའེ་ཨེ་སི་དང་ཨཱལ་ཀའེ་ཌ་གཉིས་ཏན་ཏན་མཉམ་སྡེབ་བྱེད་ངེས་རེད། ཅེས་སོགས་བརྗོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༡༧

Leave a Reply