མ་འོངས་པའི་སྲིད་སྐྱོང་རྣམ་པ་ཚོའི་ནང་ནས་འཐོན་དགོས་པས་གྲ་སྒྲིག་ཡོད་དམ།

དེ་རིང་བོད་ཀྱི་མཐོ་རིམ་སློབ་མའི་ན་གཞོན་མགོ་འཁྲིད་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནས་བོད་མི་ཚོས་སྤུས་ཚད་དང་རྣམ་དཔྱོད་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༡༥ ཙམ་གྱི་ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་གོ་སྒྲིག་འོག བོད་ཀྱི་མཐོ་རིམ་སློབ་མ་རྣམས་ལ་ན་གཞོན་མགོ་འཁྲིད་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་སོང་བ་དང་། ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གི་དབུས་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་ལགས་སོགས་འབྲེལ་ཡོད་ལས་བྱེད་དང་། རྒྱ་གར་ནང་ཡོད་པའི་མཐོ་སློབ་ཁག་ ༡༥ ཙམ་ནས་བོད་རིགས་མཐོ་རིམ་སློབ་མ་ ༦༨ མཉམ་ཞུགས་གནང་འདུག

མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་མཆོག་གིས། ཁྱེད་རང་ཚོ་ཧྲ་ཏག་ཏག་ཐོན་ཡོང་བ་དང་ཧྲ་ཏག་ཏག་བྱས་པ་ཡིན་ན། རྒྱ་ནག་གཞུང་ལ་ང་ཚོ་གནས་སྐབས་སྡོད་ཐུབ་པ་ཡིན་ནའང་ཕུགས་ལ་བསྡད་ཐུབ་ས་མ་རེད་དཱ་བསམ་པའི་བསམ་ཚུལ་ཞིག་ཏན་ཏན་ཡོང་གི་རེད། དེ་འདྲ་ཡིན་དུས། དེ་རིང་འདིར་བོད་པའི་བུ་དང་བུ་མོ་ཚོས་ཧྲག་ཧྲག་བྱས་ཏེ་གོང་ནས་སོ་སོ་ངོ་སྤྲོད་གནང་སྐབས། ངས་འདི་ནས་མགྱོགས་པོར་ཐོ་ཞིག་བཀོད་པ་ཡིན་ཏེ་སློབ་ཚན་མ་འདྲ་བ་ཉི་ཤུ་རྩ་གྲངས་ཤིག་གི་ནང་སློབ་གཉེར་གནང་བཞིན་འདུག་པས། ང་ཚོ་བཙན་བྱོལ་ལ་དཔག་པའི་ཡག་པོ་ཞེ་དྲགས་རེད་བསམ་གྱི་འདུག བར་ལམ་ནས་ང་ཚོས་མགོ་འཁྲིད་ཅེས་པའི་ཟབ་སྦྱོང་སྤྲད་བསྡད་པ་དེ་ཁྱེད་ཚོ་རང་ཚོར་འགན་འཁུར་བསླབ་ཀྱི་ཡོད་པ་རེད། སྐུ་ངོ་སྲིད་སྐྱོང་མཆོག་ནས་ལྔ་དང་ལྔ་བཅུའི་འགྲེལ་བཤད་མང་པོ་བསྐྱོན་ཡོད་པ་རེད། ངས་བསམ་ན་ལྔ་དང་ལྔ་བཅུའི་དཀྱིལ་འཁོར་འདྲ་བོ་བཞེངས་པ་ཡིན་ན། ཤེས་ཡོན་དེ་དཀྱིལ་མ་དེར་སླེབ་ཀྱི་འདུག་བསམ་གྱི་འདུག ཅེས་དང་། མི་འབོར་གྱི་ཐོག་ནས་རྒྱ་ནག་དང་བསྡུར་བ་ཡིན་ན། བོད་མི་ས་ཡ་དྲུག་ལས་མེད་པ་དང་། རྒྱ་ནག་ལ་མི་འབོར་དུང་ཕྱུར་ ༡༢ ཡོད་པས་གང་ཡང་སླེབ་ཀྱི་མེད་པར་བརྟེན། ང་ཚོས་སྤུས་ཚད་དང་རྣམ་དཔྱོད་ཀྱི་ཐོག་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པ་དང་། སྤུས་ཚད་དང་རྣམ་དཔྱོད་དེ་ཤེས་ཡོན་ནས་བྱུང་གི་ཡོད་པ་དང་། ཤེས་ཡོན་དང་མཉམ་དུ་མི་དེ་ལ་སྤྱི་ཚོགས་ཀྱི་འགན་འཁུར་དང་མི་རིགས་ཀྱི་འགན་འཁུར། རྒྱལ་ཁབ་ཀྱི་འགན་འཁུར་བཅས་དགོས་པ་གལ་ཆེན་པོ་རེད། གལ་སྲིད་འགན་འཁུར་གྱི་བསམ་བློ་དེ་མེད་ན་ཤེས་ཡོན་ཡོད་ནའང་མི་དེ་དེ་འདྲ་ཆགས་འགྲོ་རྒྱུ་ཡིན་སྟབས། བར་ལམ་ནས་ན་གཞོན་རྣམས་ལ་མགོ་འཁྲིད་ཟབ་སྦྱོང་རིམ་པ་གོ་སྒྲིག་གནང་བ་དེ་མིའི་སྤུས་ཚད་ཧྲ་ཏག་ཏག་དང་འགན་འཁུར་གྱི་བསམ་བློ་ཡོང་བའི་ཆེད་དུ་ཡིན་ལ། ཟབ་སྦྱོང་སྐབས་སློབ་མ་རྣམས་ཀྱིས་སྣོད་དྲི་མ་ཅན་དང་ཁ་སྦུབ་པ། ཞབས་བརྡོལ་བ་བཅས་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བའི་ཐོག་ནས་ཟབ་སྦྱོང་ལ་ཆ་ཤས་ཡག་པོ་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། ཡང་ཁོང་གིས་ང་བོད་པ་ཞིག་ཡིན་བསམ་པ་ཙམ་མིན་པར་བོད་པའི་ཁྱད་ཆོས་དེ་ཚང་དགོས་པ་གལ་ཆེན་པོ་ཡིན་སྟབས། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བོད་ཀྱི་འཐབ་རྩོད་འགན་འཁུར་ཐོག་ལ་སེམས་ཤུགས་སྐྱེད་དགོས་པ་དེ་བོད་མི་ཞིག་གིས་བརྗེད་མི་རུང་བ་ཞིག་ཡིན་སྐོར་གསུངས་སོང་།

ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོ་གྲོལ་རྗེས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་བཙན་བྱོལ་བོད་ཀྱི་དམངས་གཙོའི་འཕེལ་རིམ་སྐོར་ལ་གསུང་བཤད་གནང་སྐབས། ནམ་རྒྱུན་ང་ཚོས་ཚོགས་འདུ་ཁག་གི་ནང་གཏམ་བཤད་བྱེད་པ་དང་བགྲོ་གླེང་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པ་དེ་དང་། དེ་རིང་འདིར་རྣམ་པ་ཚོར་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་གཉིས་རྣམ་པ་དང་ངོ་བོ་ཐ་དད་ཡིན་ལ། དེ་རིང་ནས་མགོ་བཙུགས་པའི་ཉིན་ཤས་རིང་གི་སྦྱོང་བརྡར་འདི་སློབ་འཁྲིད་ཀྱི་ངོ་བོ་ཞིག་ཆགས་ཀྱི་ཡོད། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་ང་ཚོ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་སྟེ་ད་ལྟའི་བར་གྱི་སྒྲོམ་གཞིའི་གནས་བབ་ཡོངས་རྫོགས་རྒྱུས་ལོན་མཁྱེན་རྟོགས་བྱུང་རྗེས། མ་འོངས་པར་འདིར་ཡོད་སློབ་ཕྲུག་ ༦༠ ནས་གྲོགས་པོ་ ༦༠ རེར་ཁྱབ་སྤེལ་གཏང་སྟེ་ཡོང་དགོས་སྐོར་གསུངས་བ་དང་འབྲེལ། བོད་ཀྱི་རྒྱལ་པོ་ཞེ་གཅིག་གིས་ཆབ་སྲིད་ལམ་ལུགས་དང་། དེ་ནས་ལོ་ངོ་ ༤༡༡ རིང་བོད་སིལ་བུར་འཐོར་བ། ཕྱི་ལོ་ ༡༢༥༤ ནས་སྲིད་དབང་བསྐྱར་གསོ་བྱུང་སྟེ་ས་སྐྱས་ལོ་ ༩༦ རིང་སྲིད་དབང་བཟུང་བ་དང་། དེ་ནས་ཕག་གྲུ་དང་རིན་སྤུངས། གཙང་པ་བཅས་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་རྒྱུན་སྐྱོང་གནང་བ། ཕྱིས་སུ་ཕྱི་ལོ་ ༡༦༤༢ ནས་ ༡༩༥༩ བར་དུ་རྒྱ༧ལ་དབང་སྐུ་ཕྲེང་ལྔ་རིམ་བྱོན་གྱིས་སྲིད་དབང་བསྐྱངས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གི་བཙན་འཛུལ་འོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས། ༧གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་འོག་དམངས་གཙོའི་ལམ་ལུགས་དབུ་འཛུགས་ཕྱག་བསྟར་གནང་སྟེ། ཆོལ་ཁ་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་གསར་འདེམས་དང་སྤྱི་འཐུས་ཀྱི་གྲངས་འབོར་རིམ་འཕར་གནང་བ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱུང་རིམ་འཕེལ་རྒྱས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན ༢༧ གཏན་འབེབས་བྱུང་རིམ་དང་། དམངས་གཙོའི་ལམ་ནས་བཀའ་ཁྲི་དང་སྲིད་སྐྱོང་མི་མང་གིས་ཐད་ཀར་འོས་འདེམས་གནང་ཡོད་པའི་སྐོར་སོགས་གསུངས་སོང་།

དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་དང་མགོ་འཁྲིད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། མགོ་འཁྲིད་ཟེར་དུས་ཁྱེད་རང་ཚོ་ཡིན་གཅིག་མིན་གཅིག་གིས་ཆབ་སྲིད་པ་བྱོས་ཟེར་གྱི་ཡོད་པ་མ་རེད་དཱ། མགོ་འཁྲིད་ཟེར་དུས་གཞིས་ཆགས་ཁག་ནང་བསྡད་དེ་བརྒྱ་དཔོན་བཅུ་དཔོན་བྱས་པ་ཡིན་ན་རེད། ཁོར་ཡུག་དང་སྤྱི་ཚོགས། ཆོས་རིག་གཞུང་སྐད་ཡིག་སོགས་ག་རེའི་སྒང་ལ་ཡིན་ནའང་མགོ་འཁྲིད་མཁན་ཞིག་ཆགས་དགོས་པ་རེད། མ་འོངས་པའི་སྲིད་སྐྱོང་རྣམ་པ་ཚོའི་ནང་འཐོན་དགོས་ཀྱི་ཡོད་པས་གྲ་སྒྲིག་ཡོད་དམ། མ་འོངས་པར་བཀའ་བློན་དང་དྲུང་ཆེ། སྲི་ཞུ་པ་ཚང་མ་རྣམ་པ་ཚོའི་ནང་ནས་འཐོན་དགོས་ཀྱི་ཡོད་པས་དེ་ལ་གདམ་ཀ་ཡོད་པ་མ་རེད། ཅེས་གསུངས་སོང་།

དེ་ནས་སྲིད་སྐྱོང་མཆོག་ནས་བརྙན་རིས་ལམ་ནས་མགོ་འཁྲིད་ཀྱི་རིགས་ཏེ་གསར་གཏོད་པ་དང་དབང་གཙོ་བ། ལས་འགུལ་བ་སོགས་འཛམ་གླིང་ནང་མགོ་འཁྲིད་ཀྱི་རིགས་སྣ་ཚོགས་འབྱུང་བཞིན་ཡོད་པ་ལྟར། དེ་དག་གིས་མགོ་འཁྲིད་གནང་སྟངས་ཀྱི་ཐབས་ལམ་དང་ནུས་པ། སྤྱི་ཚོགས་ཀྱི་ངོས་འཛིན་བཅས་མ་འདྲ་བ་ཡོང་གི་ཡོད་ཀྱང་། ཁོང་གི་ངོས་ནས་མགོ་འཁྲིད་ཅིག་ལ་འགན་འཁུར་ལེན་པ་དང་གཞན་ནུས་ཡར་སྐུལ། འཆར་སྣང་ཡང་དག་ལྡན་པ། ངེས་མེད་གདོང་ལེན་བཅས་རྩ་བའི་ཆ་རྐྱེན་རྣམས་ཚང་དགོས་པ་མ་ཟད། སོ་སོའི་འཆར་སྣང་དེ་གཞན་ལ་ངོ་འཕྲོད་ཐུབ་པ་དང་ལས་དོན་ཐག་གཅོད་ཀྱི་ནུས་པ་ངེས་པར་དུ་དགོས་སྐོར་ཨ་རིའི་སྲིད་འཛིན་རིམ་པ་ཁག་ཅིག་དང་རྒྱ་གར་གྱི་སྲིད་བློན་ཁག་ཅིག་གི་སྲིད་དབང་སྐྱོང་སྟངས་སྐོར་དང་འབྲེལ་ནས་ངོ་སྤྲོད་གནང་སོང་།

དེ་རིང་ཉིན་རྒྱབ་ཏུ་ལས་བྱེད་འདེམས་ལྷན་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ནས་གཞུང་ཞབས་གསར་འདེམས་གནང་ཕྱོགས་དང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་བོད་ཀྱི་སྐད་ཡིག་གི་གལ་གནད་རང་བཞིན། ཤེས་རིག་བརྡ་ཆད་ཚན་པའི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ནས་བོད་ཀྱི་བརྡ་ཆད་ངོ་སྤྲོད་སོགས་གནང་བཞིན་ཡོད་པ་དང་། སང་ཉིན་དང་གནངས་ཉིན་དབུ་མའི་ལམ་གྱི་སྲིད་བྱུས་དང་དབུས་བོད་མིའི་སྒྲིག་འཛུགས་ངོ་སྤྲོད། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད། ཁྱེད་དང་མ་འོངས་པའི་བོད། ཤེས་རིག་སློབ་ཡོན་བཅས་ཀྱི་ཐོག་འབྲེལ་ཡོད་མི་སྣས་གསུང་བཤད་གནང་རྒྱུ་དང་། སློབ་ཕྲུག་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ལ་སྐོར་སྐྱོད་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༦/༡༦

Leave a Reply

One thought on “མ་འོངས་པའི་སྲིད་སྐྱོང་རྣམ་པ་ཚོའི་ནང་ནས་འཐོན་དགོས་པས་གྲ་སྒྲིག་ཡོད་དམ།

  1. གཞུང་པ་ཚེ་དབང་བསོད་ནམས་

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་མང་གཙོ་(Democracy)ལས་དམངས་གཙོ་(Proletaraian)འཁོད་མི་འདུག་ན་འདིར་དམངས་གཙོ་ཟེར་བའི་གྲལ་རིམ་གྱི་ཐ་སྙད་གང་གི་ཆེད་ད་བཀོད་པ་ཡིན་ནམ་?