མ་འོངས་པར་བལྟས་ནས་འཆར་གཞི་སྒྲིག་དགོས་པ་ལས་ད་ལྟ་ལ་བལྟས་ནས་ད་ལྟར་འཆར་གཞི་མ་སྒྲིག་རོཊ།

དེ་རིང་ནང་སྲིད་ལས་ཁུངས་ཀྱི་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞིའི་ནང་མཉམ་ཞུགས་དགོས་གལ་ཆེ་བའི་སྦྱོང་བརྡར་དབུ་འཛུགས་ཐོག་འཆར་འགོད་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་ལས་འཆར་གྱི་ཐབས་ཇུས་འཚོལ་སྐབས་རྩ་བའི་ཐོག་ལ་ནུས་པ་བཏོན་ཏེ་སོ་སོའི་སྤྱི་ཚོགས་ལ་རན་པའི་ལས་འཆར་བཟོ་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག དྷ་རམ་ས་ལའི་ཉེ་འདབས་སུ་ཡོད་པའི་དབུས་སྣེ་ལེན་ཁང་གི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ལས་གཞིའི་ནང་མཉམ་ཞུགས་དགོས་གལ་གྱི་སྦྱོང་བརྡར་ཞེས་པའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་སོང་བ་དང་། དབུ་འཛུགས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་འཆི་མེད་རིག་འཛིན་ལགས་ཀྱི་དབུས་འཆར་འགོད་ཚན་པའི་སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱངས་ལགས། རྒྱ་གར་གྱི་ཁྱད་ལས་པ་ཨེ་ནན་ཌོ་བྷ་ནིར་ཇི་ (Anando Banerjee) ལགས་དང་ཁོང་གི་ཕྱག་རོགས། དེ་བཞིན་རྒྱ་གར་བྱང་ཕྱོགས་ཀྱི་ས་གནས་ཁག་ ༡༧ གྱི་ས་གནས་མགོ་འཛིན་དང་འབྲེལ་ཡོད་ཚོགས་སྐྱིད་ཁག་གི་འཐུས་ཚབ། དྷ་རམ་ས་ལའི་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་གྲངས་ ༤༥ ཙམ་འཛོམས་འདུག

སྤྱི་ཁྱབ་འགན་འཛིན་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ཀྱིས་གཞིས་ཆགས་གཅིག་བསྡུས་ཡར་རྒྱས་ཀྱི་ལས་གཞིའི་སྐོར་ངོ་སྤྲོད་གནང་དོན། ད་རེས་གཅིག་བསྡུས་ཡར་རྒྱས་ཀྱི་ལས་གཞི་འདི་ལ་དངུལ་གྱི་འགྲོ་སོང་ག་ཚོད་ཅིག་གཏང་བ་ཡིན་ནའང་། གཞི་རིམ་གྱི་ལམ་ག་རྒྱག་པ་དང་གློག་བཟོ་བ། མཐུན་རྐྱེན་སྦྱོར་བ་སོགས་དགོས་པ་རེད་དེ། དེ་འདྲ་གཅིག་པུར་མ་གཏང་བར་གཅིག་བསྡུས་ཟེར་བ་དེར་བསམ་བློ་ཤུགས་ཆེན་པོ་ཞིག་གཏོང་དགོས་ཀྱི་འདུག གཅིག་བསྡུས་ཟེར་ན་ག་རེ་ལབ་ཀྱི་ཡོད་པ་རེད་ཟེར་ན། ས་གནས་སོ་སོ་ཡིན་ན་རེད། ཁྱོན་ཡོངས་ཀྱི་ས་ཁུལ་ཡོངས་རྫོགས་ཤིག་ཡིན་ནའང་རེད། དེའི་ནང་ལོགས་སུ་བང་རིམ་བྱས་ཏེ་ལས་ཀ་བརྒྱ་ཕྲག་ཅིག་ཡོད་པ་ཡིན་ནའང་དེའི་ནང་གནད་འགག་ཆེ་ཤོས་ཤིག་ཡོད་དགོས་པ་རེདན་ལ། གནད་འགག་དེ་མ་བྱས་པ་ཡིན་ན་ལས་དོན་གཞན་དག་ཚང་མ་ཁྱོན་ནས་སྒྲུབ་ཐུབ་ཀྱི་མེད་སྟབས། གནད་འགག་ཆེ་ཤོས་ཤིག་ངེས་པར་དུ་ཡོད་དགོས་པ་རེད། ལས་དོན་གྱི་འཆར་འགོད་ནང་དེ་ལ་ག་རེ་ཟེར་གྱི་ཡོད་པ་རེད་ཟེར་ན་ཐབས་ཇུས་འཚོལ་རྒྱུ་དེར་ཟེར་གྱི་ཡོད་པ་རེད། དེའི་གལ་ཆེ་གལ་ཆུང་དེ་རྟོགས་མ་ཐུབ་པ་ཡིན་ན། དཔེར་ན། མོ་ཊའི་སྐྱོན་གནས་དེ་ག་བར་འདུག་ཅེས་མ་བཙལ་བར་ང་ཚོས་མོ་ཊའི་འཁོར་ལོ་དང་གློག་སྒར་བསྡད་པ་དང་། ཕྱི་ལོགས་ཀྱི་པགས་པ་གཅིག་པུ་བརྗེ་བོ་བརྒྱབ་སྟེ་མོ་ཊ་རང་གི་སྐྱོན་གནས་དེ་ལྷག་བསྡད་པ་ཡིན་ན། ང་ཚོ་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ནང་ལྷག་བསྡད་ཡོད་པ་རེད། ཅེས་བརྗོད་སོང་།

ཡང་ཁོང་གིས་ལས་འཆར་གྱི་ཐབས་ཇུས་འཚོལ་སྐབས་རྩ་བ་བརྒྱ་ཆ་ ༢༠ དང་འབྲས་བུ་བརྒྱ་ཆ་ ༨༠ ཡིན་དགོས་པས་ང་ཚོས་རྩ་བའི་ཐོག་ལ་ནུས་པ་འདོན་གལ་ཆེ་སྐོར་བརྗོད་དོན། སྤྱི་ཚོགས་ཤིག་གི་དཀའ་ངལ་ལ་བལྟས་པ་ཡིན་ན། དཀའ་ངལ་བྱུང་བའི་རྩ་བ་དེ་བརྒྱ་ཆ་ ༢༠ དང་། འབྲས་བུ་དེ་བརྒྱ་ཆ་ ༨༠ ཡིན་ལ། ང་ཚོས་མང་ཆེ་བ་འབྲས་བུའི་སྒང་ལ་ཕྱག་ལས་གནང་བསྡད་པ་ཡིན་ན་ཐུགས་ཕན་གསོ་ཡི་མི་འདུག་སྟབས། རྩ་བའི་སྒང་ལ་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་འདུག རྩ་བའི་སྒང་ལ་བསམ་བློ་གཏོང་དགོས་པ་རེད་ཟེར་དུས་ག་འདྲ་བྱེད་དགོས་རེད་ལབ་ན། འཛིན་སྐྱོང་གིས་ནམ་རྒྱུན་ཕྱག་ལས་གནང་བསྡད་པ་གཅིག་པུ་མ་ཡིན་པར་ད་རེས་རྩ་བ་ལ་མར་ཏོག་ཙམ་འབབ་རྒྱུ་དང་། ཚང་མའི་མཉམ་ཞུགས་ཚད་དང་ལྡན་པ་ཞིག་དགོས་པ་རེད། ཅེས་དང་། གཞན་གྱི་སྤྱི་ཚོགས་ལ་དཔེ་ལྟ་བ་ཙམ་མ་ཡིན་པར་ལས་གཞི་ག་རེ་ཡིན་ནའང་སོ་སོའི་སྤྱི་ཚོགས་ཀྱི་གནས་བབ་དང་དགོས་མཁོར་མཐུན་པ་ཞིག་དགོས་གལ་ཆེ་སྐོར་བརྗོད་སོང་།

བོད་མིའི་གཞིས་ཆགས་འཛུགས་སྐྲུན་(Building Smart Tibetan Settlement )སྐོར་ལ་ཁོང་གིས། གཞིས་ཆགས་རེ་རེའི་གནས་བབ་དང་མི་རེ་རེའི་མངོན་འདོད་ཐ་དད་ཡིན་སྟབས། ནམ་རྒྱུན་ང་ཚོའི་སྐྱོན་གནས་ཐོག་ཤུགས་རྒྱག་གི་ཡོད་ཀྱང་ད་རེས་སོ་སོའི་མ་འདྲ་བའི་ནུས་པ་དེའི་སྒང་ལ་ཤུགས་རྒྱག་དགོས་པ་དང་། འདས་པའི་དུས་སུ་གཞིས་ཆགས་སོ་སོའི་ནང་ལེགས་པའི་ཆ་ནས་ནུས་པ་ག་བར་བྱུང་འདུག་པ་དེར་བསམ་བློ་ཞིག་གཏོང་ཐུབ་པ་ཡིན་ན། ཉེས་པའི་ཆ་དེ་རང་བཞིན་གྱིས་བསམ་བློར་འཁོར་བ་དང་རང་བཞིན་གྱིས་ཞི་འགྲོ་རྒྱུ་ཡིན་སྐོར་དང་། མ་འོངས་པར་བལྟས་ནས་འཆར་གཞི་སྒྲིག་དགོས་པ་ལས་ད་ལྟ་ལ་བལྟས་ནས་ད་ལྟར་འཆར་གཞི་སྒྲིག་རྒྱུ་མེད་པ་དང་། དེ་བཞིན་ས་གནས་རང་གི་ནང་ལ་སྒྲུབ་ཐུབ་པའི་འཆར་གཞི་སྒྲིག་དགོས་པ་ལས་སྒྲུབ་མི་ཐུབ་པའི་འཆར་གཞི་དེ་འདྲ་རྩ་བ་ནས་བསྒྲིག་རྒྱུ་མེད་པ་དང་། ད་ལན་གྱི་ཟབ་སྦྱོང་ཐོག་ཚང་མས་ཕྱོགས་ཡོངས་ཀྱི་གནས་སྟངས་ཞིབ་འཇུག་ཐད་བསམ་བློ་གཏོང་དགོས་པ་ལས་འཆར་གཞི་སྒྲིག་པར་བསམ་བློ་གཏན་ནས་གཏོང་རྒྱུ་མེད་སྐོར་སོགས་བརྗོད་སོང་།

ནང་སྲིད་དྲུང་ཆེ་ལས་ཚབ་འཆི་མེད་རིག་འཛིན་ལགས་ནས་ལས་གཞི་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཚོགས་ཞུགས་པ་རྣམས་གཞིས་ཆགས་ཁག་སོ་སོའི་ནང་མར་ཕེབས་ཏེ། ས་གནས་སུ་དགོས་མཁོ་ག་རེ་ཡོད་མེད་ཐད་བཀའ་མོལ་གནང་རྗེས། དགོས་མཁོ་ཅི་ཡོད་ཀྱི་ལས་འཆར་བཟོས་ཏེ་དབུས་ནང་སྲིད་ལས་ཁུངས་ལ་ཕུལ་དགོས་པ་དང་། དེ་ནས་ཁྱད་ལས་པའི་ཚན་པ་དང་འབྲེལ་ཡོད་འགན་འཛིན་ནས་འཆར་གཞི་སུ་ལ་ཡག་པོ་ཡོད་མེད་དཔྱད་བསྡུར་གནང་བ་བརྒྱུད། རྒྱ་གར་ནས་གཞིས་ཆགས་གསུམ་དང་བལ་ཡུལ་ནས་གཞིས་ཆགས་གཅིག་བཅས་བདམ་སྟེ་རིམ་གྱིས་ལས་འཆར་ལག་བསྟར་གནང་རྒྱུ་ཡིན་སྐོར་དང་། ཨ་རིའི་གཞུང་(USaid)ཡི་ལས་འཆར་ཁོངས་སུ་ནང་སྲིད་ལས་ཁུངས་དང་ཐད་ཀར་འབྲེལ་བའི་ལས་འཆར་ཁག་ཆེ་ཆུང་ལྔ་ཡོད་པ་དང་། ད་ལན་གྱི་ཟབ་སྦྱོང་དེ་གཙོ་བོ་གཞིས་ཆགས་ཁག་གི་འཚོ་གནས་ཡར་རྒྱས་རྒྱུན་གནས་ཐུབ་པ་བཟོ་ཐབས་སྐོར་ལ་གོ་བསྡུར་གནང་བའི་ཆེད་དུ་ཡིན་པ་དང་། གཞན་ཡང་ལས་འཆར་དེའི་ཁོངས་མི་གྲངས་བསྡུ་རུབ་དང་ན་གཞོན་རོགས་སྐྱོར། སོ་ནམ་ལས་གཞི་ཡར་རྒྱས། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་བཅས་ཚུད་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས་ཕྱོགས་སོ་སོར་ཟབ་སྦྱོང་གོ་སྒྲིག་གནང་བའི་དགོས་དམིགས་ནི། ཨ་རིའི་རོགས་ཚོགས་ནས་རོགས་དངུལ་གནང་ཡོད་པ་རྒྱ་ཆེན་པོ་ཁྱབ་བསྒྲགས་ཕྱིན་པ་ཡིན་དུས་ཚང་མར་མ་གོ་མ་ཐོས་བ་མེད་པ་བཟོ་ཆེད་དང་། ཟབ་སྦྱོང་ནང་ཞུགས་མཁན་རྣམ་པས་ས་གནས་མི་མང་གི་བསམ་ཚུལ་དང་དགོས་མཁོ་གང་ཡིན་པ་དེའི་ཐོག་ལས་འཆར་བཟོ་བར་དགོངས་པ་ཆེ་བཞེས་ཡོང་སླད་དུ་ཟབ་སྦྱོང་གོ་སྒྲིག་གནང་བ་ཡིན་སོགས་གསུངས་སོང་།

ཉེ་སྔོན་ཨ་རིའི་གཞུང་(USaid)ནས་རོགས་དངུལ་ཨ་སྒོར་ས་ཡ་ ༢༣ གནང་ཡོད་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་སོ་སོར་བབ་འཁྲིའི་ལས་འཆར་བགོས་བ་ལྟར། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་མ་འོངས་ལས་འཆར་བཟོ་བར་ས་གནས་སོ་སོའི་གནས་སྟངས་ལ་ཞིབ་འཇུག་གནང་ཕྱོགས་ཀྱི་སྦྱོང་བརྡར་དེ་རིང་ནས་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ཉིན་གྲངས་ ༤ རིང་གི་ཟབ་སྦྱོང་ཐོག་ས་གནས་ཀྱི་གནས་སྟངས་སྐོར་ལ་ཞིབ་འཇུག་བྱེད་སྐབས་ཆ་རྐྱེན་ག་རེ་དགོས་པ་དང་། བསམ་བློ་གཏོང་སྟངས་ག་འདྲ་དགོས་པ། དེ་བཞིན་མི་མང་གི་མངོན་འདོད་ཐ་དད་ལ་དབྱེ་བ་འབྱེད་ཐུབ་པ་ཙམ་མ་ཟད། དེའི་ནང་རང་ཉིད་ཀྱི་ནུས་པ་འབུར་དུ་ཐོན་པའི་ཐོག་ནས་འདོན་ཐབས་སྐོར་དང་། མི་མང་གིས་མཉམ་ཞུགས་ག་འདྲ་གནང་དགོས་པ་དང་། རྒྱལ་སྤྱིའི་ཐོག་མཉམ་ཞུགས་སྐོར་ལ་ག་འདྲ་བརྗོད་ཀྱི་ཡོད་པ། རྒྱ་གར་ནང་དེའི་ཐད་ཉམས་མྱོང་ག་རེ་ཡོད་མེད། ལྷག་པར་དུ་བོད་པ་རང་ལ་རན་པའི་ཐབས་ཇུས་འཚོལ་ཕྱོགས་སྐོར་ལ་ལམ་སྟོན་སྦྱོང་བརྡར་སྤྲོད་བཞིན་ཡོད་པ་རེད།

རྒྱ་གར་བྱང་ཕྱོགས་ཁུལ་གྱི་མངའ་སྡེ་བཞིའི་ཟབ་སྦྱོང་གྲུབ་རྗེས། ཟླ་འདིའི་ཕྱི་ཚེས་ ༢༤ ནས་ ༢༧ བར་ས་ལུ་གྷ་རར་(Salugara)བལ་ཡུལ་དང་འབྲུག་གཞིས་ཆགས་བཅས་ཚུད་པའི་རྒྱ་གར་བྱང་ཤར་ཁུལ་གྱི་ཟབ་སྦྱོང་འཚོགས་རྒྱུ་དང་། ཕྱི་ཟླ་ ༥ ཚེས་ ༢ ནས་ ༥ བར་སྦེལ་ཀོབ་ཏུ་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་བརྒྱད་ལ་ཟབ་སྦྱོང་བསྡུ་འཆར་ཡོད་འདུག

 

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༠༥

Leave a Reply

One thought on “མ་འོངས་པར་བལྟས་ནས་འཆར་གཞི་སྒྲིག་དགོས་པ་ལས་ད་ལྟ་ལ་བལྟས་ནས་ད་ལྟར་འཆར་གཞི་མ་སྒྲིག་རོཊ།

  1. ནང་སྲིད་དྲུང་ཆེ་ལས་ཚབ་འཆི་མེད་རིག་འཛིན་ལགས་ནས། “ད་ལན་གྱི་ཟབ་སྦྱོང་དེ་གཙོ་བོ་གཞིས་ཆགས་ཁག་གི་འཚོ་གནས་ཡར་རྒྱས་རྒྱུན་གནས་ཐུབ་པ་བཟོ་ཐབས་སྐོར་ལ་གོ་བསྡུར་གནང་བའི་ཆེད་དུ་ཡིན་པ་དང་། གཞན་ཡང་ལས་འཆར་དེའི་ཁོངས་མི་གྲངས་བསྡུ་རུབ་དང་ན་གཞོན་རོགས་སྐྱོར། སོ་ནམ་ལས་གཞི་ཡར་རྒྱས། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་བཅས་ཚུད་ཡོད་སྐོར་གསུངས་འདུག་ལ།”
    དེའི་ཐད་ལ་བསམ་ཞིབ་ཅིག་བཏང་ན། ཁ་འཐོར་དུ་ཡོད་པ་རྣམས་ལ་འཚོ་གནས་ཡར་རྒྱས་དང་རྒྱུན་གནས་ཐུབ་པ་བཟོ་མི་དགོས་པ་ཡིན་ནམ། བཟོ་མི་ཐུབ་པ་ཡིན་ནམ། བཟོ་འདོད་མེད་པ་ཡིན་ནམ། གཞན་སོ་ནམ་ལས་གཞི་གཅིག་པུ་ལས་གཞན་པའི་རྒྱུན་གནས་ཐུབ་པའི་འཚོ་གནས་ཡར་རྒྱས་གཏོང་ཕྱོགས་མེད་པ་རེད་དམ་ཞེས་པའི་དྲི་རྟགས་ཤིག་ཀྱང་རང་བཞིན་གྱིས་འཁོར་ཡོང་།

    “ཡང་ཁོང་གིས་ཕྱོགས་སོ་སོར་ཟབ་སྦྱོང་གོ་སྒྲིག་གནང་བའི་དགོས་དམིགས་ནི། ཨ་རིའི་རོགས་ཚོགས་ནས་རོགས་དངུལ་གནང་ཡོད་པ་རྒྱ་ཆེན་པོ་ཁྱབ་བསྒྲགས་ཕྱིན་པ་ཡིན་དུས་ཚང་མར་མ་གོ་མ་ཐོས་བ་མེད་པ་བཟོ་ཆེད་དང་། ཟབ་སྦྱོང་ནང་ཞུགས་མཁན་རྣམ་པས་ས་གནས་མི་མང་གི་བསམ་ཚུལ་དང་དགོས་མཁོ་གང་ཡིན་པ་དེའི་ཐོག་ལས་འཆར་བཟོ་བར་དགོངས་པ་ཆེ་བཞེས་ཡོང་སླད་དུ་ཟབ་སྦྱོང་གོ་སྒྲིག་གནང་བ་ཡིན་ཚུལ་སོགས་གསུངས་འདུག”

    འདིའི་ཐད་ལ། གལ་སྲིད་ཨ་རིའི་རོགས་དངུལ་གནང་བ་རྒྱ་ཆེན་པོ་ཁྱབ་བསྒྲགས་ཕྱིན་མེད་ན། ཕྱོགས་སོ་སོར་ཟབ་སྦྱོང་གོ་སྒྲིག་མ་གནང་བར་སུ་གང་གིས་མ་གོ་མ་ཐོས་པ་བྱེད་རྒྱུ་ཡིན་ནམ། ཞེས་པའི་དྲི་རྟགས་ཤིག་འཁོར། སྤྱིར་བཏང་ཚིག་འདིའི་འགྲོ་སྟངས་མདུན་རྒྱབ་གཉིས་ཡོད་སྲོལ་འདྲ་བོ་འདུག