མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་ཐེངས་གསུམ་པ་ཚོགས།

མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་ཚོགས་འདུའི་སྟེང་ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་གིས། མཁས་དབང་ཁོང་གིས་རྙོག་འཛིང་ཅན་གྱི་གནས་ཚུལ་གང་འདྲ་ཞིག་ཡིན་ཡང་ཡུ་རོབ་ཀྱི་བལྟ་སྟངས་དང་མ་འདྲེས་པའི་ཐབས་ལམ་གསར་བ་ཞིག་དང་བརྡ་ཆད་གསར་བ་ཞིག་གིས་ཚབ་བྱེད་དགོས་པའི་སྡོམ་ཚིག་བཀོད་ཡོད་པ་རེད། ཁོང་ནི་མཁས་དབང་ཙམ་མ་ཟད་མི་རིགས་ལ་ཤ་ཚ་དང་ལ་རྒྱ་ཡོད་མཁན་གྱི་བོད་མི་ཞིག་ཀྱང་ཆགས་ཡོད་ཅེས་གསུངས།

ཟླ་འདིའི་ཕྱི་ཚེས་ ༧ ཉིན་སྔ་དྲོར་ནེ་རུ་མཐོ་སློབ་ཀྱི་སྤྱི་ཚོགས་ཚན་རིག་ཚོགས་ཁང་དུ། ནེ་རུ་བོད་དོན་གླེང་སྟེགས་(Tibet Forum,JNU) ཀྱི་གོ་སྒྲིག་འོག མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཚོགས་ཡོད་པ་དང་། བགྲོ་གླེང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་དང་། གཞན་དགེ་རྒན་དང་སློབ་ཕྲུག དོན་གཉེར་ཅན་སོགས་མི་ ༢༠༠ ཙམ་འཛོམས་སོང་།

ཚོགས་འདུའི་ཐོག་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་གནང་མཁན་ ༩ ཡིས་དཔྱད་རྩོམ་སྒྲོགས་སྦྱང་གནང་ཡོད་ལ། བགྲོ་གླེང་གི་བརྗོད་གཞི་གཙོ་བོ་གསུམ་ནི། བོད་དང་རྒྱལ་སྤྱིའི་གནས་བབ། བོད་ནང་གི་སྣོད་བཅུད་དཀའ་ངལ་དང་དེས་འབྲེལ་ཡོད་རྒྱལ་ཁབ་གཞན་ལ་གནོད་སྐྱོན། བོད་རྒྱའི་འབྲེལ་ལམ་ཁྲོད་ཀྱི་རང་དབང་གཙང་མའི་བདག་དབང་ལ་དཔྱད་ཞིབ་ (ལེ་ཚན་འདི་བགྲོ་གླེང་གི་རྣམ་པའི་ཚུལ་དུ་བོད་རིགས་གཞོན་སྐྱེས་ཞིབ་འཇུག་པ་ཚོས་མཁས་དབང་ཟླ་བ་ནོར་བུའི་རྩོམ་ཡིག་ལ་དཔྱད་ཞིབ་བྱས་ཡོད།)བཅས་ཡིན།

སྐུ་མགྲོན་གཙོ་བོ་ལྡི་ལི་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་གིས། མཁས་དབང་ཟླ་བ་ནོར་བུའི་སྐུ་པར་གྱི་མདུན་དུ་མར་མེ་ཞལ་འབྱེད་གནང་རྗེས་གཏམ་བཤད་གནང་དོན། “ང་རང་ལ་ཆ་མཚོན་ན། ན་གཞོན་སྐབས་ཀྱི་དུས་ཚོད་ཕལ་ཆེ་བ་ཞིག་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་རྒྱུའི་ཐོག་ཏུ་བཏང་ཡོད་པ་དང་། ཤེས་ཚད་སོགས་གང་ཡང་མེད་སྟབས། དམིགས་བསལ་ཞུ་རྒྱུ་གང་ཡང་མེད། ངས་མཁས་དབང་ཟླ་བ་ནོར་བུའི་སྐོར་མདོར་བསྡུས་ཙམ་ཞིག་བཤད་ན། ཁོང་ནི་བཙན་བྱོལ་ནང་ཤེས་ཡོན་ཅན་གྱི་མི་ཐོག་དང་པོ་དེ་ཆགས་ཡོད་པ་དང་། གཞི་རིམ་སློབ་སྦྱོང་གནང་ཡུལ་དེ་བཀའ་བློན་སྦུག་ཡིན་འདུག ང་རང་ཁོང་ལ་དམིགས་བསལ་འབྲེལ་འདྲིས་གང་ཡང་མེད་ཀྱང་། ཁོང་གི་གཅུང་པོ་འདས་པོ་སྐལ་བཟང་བསྟན་འཛིན་དང་སློབ་སྦྱོང་གི་བརྒྱུད་རིམ་གཅིག་པ་ཡིན་སྟབས། ཉིན་ཞིག་ངས་ཁོང་པ་ཇ་མ་དང་ཀུར་རྟ་(Pajama and Kurta རྒྱ་གར་གྱི་གྱོན་པའི་རིགས་ཤིག )གྱོན་ནས་ཚུར་ཡོང་བཞིན་པའི་སྣང་བརྙན་དེ་ད་ལྟ་དྲན་གྱིན་འདུག ང་རང་མཐོ་སློབ་འགྲིམས་དུས་མཁས་དབང་ཟླ་བ་ནོར་བུ་ལགས་བོད་དོན་བསྐྱར་ཞིབ་(Tibetan Review )ཅེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་རེད། སྐབས་རེར་གཟའ་འཇུག་དང་མཐོ་སློབ་ཀྱི་གུང་གསེང་དེ་འདྲར། ང་ཚོ་སློབ་ཕྲུག་སྐོར་ཞིག་བོད་དོན་བསྐྱར་ཞིབ་ཡིག་ཚང་དུ་ཕྱིན་ཏེ་རོགས་ཙག་ཙིག་བྱས་མྱོང་བ་དྲན་གྱི་འདུག

མཁས་དབང་ཟླ་བ་ནོར་བུར་ཆ་མཚོན་ན་ཡང་བོད་མིའི་སྤྱི་ཚོགས་ལ་རྒྱུས་ཆེན་པོ་ཡོད་སྟབས་ཁོང་གི་རྩོམ་ཡིག་སྐོར་ཞིག་གི་ནང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྣམ་པ་ཡག་སྡུག་གཉིས་ཆ་གསལ་སྟོན་བྱས་ཡོད་ལ། ཁོང་ནི་དབང་ཆ་ཡོད་པའི་དཔོན་རིགས་དང་གཞུང་སྒེར་གང་འདྲ་ཞིག་ཡིན་ན་ཡང་དྲང་བདེན་བཤད་ཕོད་པའི་མཁས་དབང་ཞིག་ཆགས་ཡོད། ཁོང་གིས་བརྩམས་པའི་དཔེ་དེབ་དང་། དཔྱད་རྕོམ་མང་པོའི་ཁྲོད་ནས་འཛམ་གླིང་གསུམ་པའི་མི་རིགས་རིང་ལུགས་(Third World Nationalism-འདིར་འཛམ་གླིང་གསུམ་པ་ཞེས་པ་གྲང་དམག་གི་དུས་སུ། མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཉིས་ལ་རྒྱབ་སྐྱོར་མི་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ལ་གོ་དགོས་ལ། དེང་གི་དུས་སུ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཨ་ཧྥི་རི་ཀ་དང་ཨེ་ཤ་ཡ་སོགས་ལ་གོ) ཞེས་པའི་དེབ་དེའི་ནང་། ནམ་རྒྱུན་སྲིད་དོན་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་སྒྲོམ་གཞིའི་ནང་དུ་མི་རིགས་རིང་ལུགས་ཀྱི་རྣམ་གཞག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཡུ་རོབ་ཀྱི་བལྟ་སྟངས་དེར་དགག་པ་ཚ་ནན་སྐྱོན་ཡོད་པ་དེས། ཁོང་གིས་རྙོག་འཛིང་ཅན་གྱི་གནས་ཚུལ་གང་འདྲ་ཞིག་ཡིན་ཡང་། ཡུ་རོབ་ཀྱི་བལྟ་སྟངས་དང་མ་འདྲེས་པའི་ཐབས་ལམ་གསར་བ་ཞིག་དང་བརྡ་ཆད་གསར་བ་ཞིག་གིས་ཚབ་བྱེད་དགོས་པའི་སྡོམ་ཚིག་བཀོད་ཡོད་པ་རེད། ཁོང་ནི་མཁས་དབང་ཙམ་མ་ཟད་མི་རིགས་ལ་ཤ་ཚ་དང་ལ་རྒྱ་ཡོད་མཁན་གྱི་བོད་མི་ཞིག་ཀྱང་ཆགས་ཡོད། གཞན་ང་རང་འཛིན་སྐྱོང་གི་ལས་ཀ་བྱེད་མཁན་ཞིག་ཡིན་སྟབས། དམིགས་བསལ་གང་ཡང་བཤད་རྒྱུ་མེད། ”ཅེས་གསུངས་སོང་།

དེའི་རྗེས་འདི་ལོའི་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་གཟེངས་བསྟོད་བྱ་དགའ་དེ། བོད་ཡིག་ཐོག་ལྡི་ལིའི་གཙུག་ལག་སློབ་གྲྭ་ཆེན་མོར་སློབ་གཉེར་གནང་བཞིན་པའི་འབྲུག་ཐར་ལགས་ལ་རྩེ་ཕུད་བྱ་དགའ་ཐོབ་ཡོད་པ་དང་། ཁོང་ལ་སོ་སོའི་དཔྱད་རྩོམ་གྱི་ནང་དོན་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས་སྐབས། ཁོང་གིས་ “ངའི་དཔྱད་རྩོམ་བཙན་བྱོལ་བོད་མིའི་སློབ་གྲྭ་ཟུར་འཛུགས་དང་ཤེས་ཡོན་ལ་དཔྱད་པ་ཞེས་པའི་ནང་དོན་གཙོ་བོ་ཞིག་

ནི། ང་ཚོ་བཙན་བྱོལ་ལ་བསླེབས་ནས་མི་ལོ་གང་འཚམ་ཕྱིན་ཡོད་པ་དང་། གཙོ་བོ་སྤྱི་ཡོངས་ཀྱི་བཙན་བྱོལ་བོད་མིའི་ཤེས་ཡོན་ལ་གྲུབ་འབྲས་གང་ལ་གང་ཙམ་ཞིག་ཐོན་ཡོད་ནའང་། ངའི་དཔྱད་རྩོམ་འདིའི་ནང་༧གོང་ས་མཆོག་གི་དགོངས་བཞེད་དང་འབྲེལ་ནས་ཤེས་ཡོན་ཐོག་གྲུབ་འབྲས་གང་འདྲ་ཞིག་ཐོན་ཡོད་མེད་སྐོར་ལ་དཔྱད་ཞིབ་བྱས་ཡོད།” ཅེས་བརྗོད་སོང་།

གཉིས་པ་དབྱིན་ཡིག་ཐོག་རྩེ་ཕུད་བྱ་དགའ་ཐོབ་མཁན་ནེ་རུ་མཐོ་སློབ་ཀྱི་འབུམ་རམས་པ་ཨོ་རྒྱན་ཆོས་གྲུབ་ལགས་ལ་བཅར་འདྲི་ཞུས་པར་ཁོང་གིས་ “ངའི་དཔྱད་རྩོམ་བཙན་བྱོལ་ནང་བོད་མི་རིགས་ཀྱི་རྣམ་པ་ཆགས་སྟངས། བོད་མིའི་ངོ་བོ་དང་རིག་གཞུང་བརྗེ་སྤོར། དགོག་རྒོལ། (Construction of Tibetan Nation in Exile: Issue of Identity, Acculturation and Resistance) ཞེས་པའི་ནང་། ད་ལྟ་བཙན་བྱོལ་ལ་ཡོད་པའི་བོད་མི་ཡི་ངོ་བོ་གཅིག་མཚུངས་ཅན་དེ་(Homogenous Tibetan Identity) ང་ཚོ་རྒྱ་གར་ལ་བསླེབས་ནས་གསར་དུ་བཟོས་པ་ཞིག་ཡིན་པ་དང་། འདི་ལྟར་ཆགས་དགོས་པའི་རྒྱུ་མཚན་ནི། གཞུང་དང་ཤེས་ཡོན་གྱི་བསྟི་གནས་མང་པོ་ཞིག་གིས་སྔར་བོད་རྒྱལ་ཁབ་ཀྱི་རིག་གཞུང་དང་ཆོས་ལུགས་ཀྱི་སྒྲོམ་གཞི། ད་དུང་དཔལ་འབྱོར་གྱི་གནས་སྟངས་སོགས་རྣམ་པ་མ་འདྲ་བ་( Heterogeneous) ཡོད་པ་འདིར། གཅིག་མཚུངས་ཀྱིས་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་ཕྱི་ལོ་ ༡༩༦༠ དང་ ༧༠ ཙམ་ལ་བལྟ་སྟངས་དེར་བོད་མིའི་ཚོགས་སྡེ་མང་པོ་ཞིག་གིས་དགོག་རྒོལ་བྱས་ཡོད་པ་དེ་གསལ་སྟོན་བྱས་ཡོད།” ཅེས་བརྗོད་སོང་།

མཛད་སྒོའི་ལས་རིམ་གཉིས་པའི་ནང་ “བོད་དང་རྒྱལ་སྤྱིའི་ཆབ་སྲིད་གནས་བབ།” ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་པ་གསུམ་གྱིས་སོ་སོའི་བསམ་ཚུལ་བརྗོད་སོང་ལ། དེའི་ཁོངས་ནས་རྒྱ་གར་ཀ་ལི་ཀ་ཏ་གཙུག་ལག་སློབ་གྲྭ་ཆེན་མོའི་(Culcutta University) ནང་དགེ་རྒན་གཞོན་པའི་ཕྱག་ལས་གནང་བཞིན་པའི་འཇིགས་མེད་ཡེ་ཤེས་ལགས་ལ། ཁོང་གི་གཏམ་བཤད་ཀྱི་ནང་དོན་དང་འབྲེལ་བའི་ཐོག་བཅར་འདྲི་ཞུས་པར་ཁོང་གིས་ “ང་ཚོའི་བོད་པའི་གནས་ཚུལ་འདི་ངོས་འཛིན་བྱེད་སྟངས་རྣམ་པ་མི་འདྲ་བ་མང་པོ་ཡོད་པ་དང་། ཁག་ཅིག་གིས་བོད་པའི་གནས་ཚུལ་འདི་འགྲོ་བ་མིིའི་ཐོབ་ཐང་དང་། རང་ཐག་རང་གཅོད་ཀྱི་ངོ་བོའི་ཐོག་ནས་ལྟ་བཞིན་ཡོད་ལ། ཡང་སྐོར་ཞིག་གིས་རང་སྐྱོང་གི་སྲིད་དབང་དང་རང་དབང་། ད་དུང་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་ལྟ་མཁན་ཡང་ཡོད། འོན་ཀྱང་སྡེ་ཚན་(སྐབས་འདིར་རིག་གནས་ཀྱི་ཚན་པ་འདྲ་མིན་ལ་གོ་དགོས།) འདི་དག་ཕལ་ཆེ་བ་ཞིག་ནུབ་ཕྱོགས་ཀྱི་རིག་པའི་གཞུང་ལུགས་ནས་ཚུར་ནང་འདྲེན་བྱས་པ་ཞིག་ཡིན་སྟབས། ནུབ་ཕྱོགས་མ་ཡིན་པའི་རྒྱལ་ཁབ་གཞན་དག་གི་རིག་གཞུང་ངོ་བོ་མཚོན་ཐབས་མེད། མི་སེར་སྤེལ་བའི་རིང་ལུགས་(Colonialism)བརྒྱུད་ནས། ནུབ་ཕྱོགས་ཀྱི་ལྟ་གྲུབ་དང་རིན་ཐང་ཕལ་ཆེ་བ་ཞིག་རྒྱ་གར་དང་རྒྱ་ནག་ལ་ཡང་སིམ་འཛུལ་བྱས་ཡོད་ལ། རྗེས་ལ་རྒྱལ་ཁབ་འདི་དག་ལ་(རྒྱ་གར་དང་རྒྱ་ནག་ལ་གོ) རང་བཙན་ཐོབ་དུས། ཁོ་ཚོས་སྔར་བཞིན་མི་སེར་སྤེལ་བའི་རིང་ལུགས་འདི་དག་རྒྱུན་སྐྱོང་བྱས་ཡོད་ཅིང་། རིམ་བཞིན་མཐའ་མཚམས་ཀྱི་རྒྱལ་ཁབ་ཆུང་བ་ཚོར་ཡང་ལྟ་བ་འདི་བེད་སྤྱོད་བྱེད་མགོ་བཙུགས་ཡོད། བོད་རྒྱལ་ཁབ་ལ་མཚོན་ན་ཡང་ནུབ་ཕྱོགས་ཀྱི་རིག་པའི་གཞུང་ལུགས་དེས་རྐྱེན་པས། བོད་པའི་སྲོལ་རྒྱུན་ལྟ་ཚུལ་འཛིན་སྟངས་མང་པོར་འགྱུར་བ་ཆེན་པོ་ཕྱིན་ཡོད།(དཔེར་ན་བོད་པས་རྒྱལ་ཁབ་ཀྱི་ངོ་བོ་འཛིན་སྟངས་འདི་ནུབ་ཕྱོགས་དང་རྦད་དེ་ཐ་དད་ཡིན། )” ཅེས་བརྗོད་སོང་།

མཛད་སྒོའི་ལས་རིམ་གསུམ་པའི་ནང་ “བོད་ཀྱི་སྣོད་བཅུད་དཀའ་ངལ་དང་དེས་འབྲེལ་ཡོད་རྒྱལ་ཁབ་གཞན་ལ་གནོད་སྐྱོན། ”ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་པ་གསུམ་གྱིས་སོ་སོའི་བསམ་ཚུལ་དང་། དེའི་ཁོངས་ནས་བོད་ཀྱི་འཁོར་ཡུག་དང་འབྲེལ་བའི་ཐོག་ཞིབ་འཇུག་གནང་མཁན་བློ་བཟང་དབྱངས་མཚོ་ལགས་ལ་བཅར་འདྲི་ཞུས་པར། ཁོང་གིས། “ངའི་དཔྱད་རྩོམ་རྒྱ་ནག་གི་མདོ་དབུས་མཐོ་སྒང་ལ་འཛིན་པའི་གཙང་པོའི་ཆབ་སྲིད། རྫ་ཆུ་དང་ཡར་ཀླུང་གཙང་པོར་དཔྱད་ཞིབ། (China’s River Politics on the Tibetan Plateau: Comparative study of Brahmaputra and Mekong) ཞེས་པ་འདིའི་ནང་། བོད་ནང་རྒྱ་ནག་གིས་ཆུ་རགས་མང་པོ་བརྒྱབ་པའི་རྐྱེན་གྱིས། བོད་ཀྱི་སྐྱེ་ཁམས་འཁོར་ཡུག་ལ་གནོད་སྐྱོན་དང་། དེ་བཞིན། རྫ་ཆུ་དང་ཡར་ཀླུང་གཙང་པོའི་ཆུ་རྒྱུན་སྟངས་འཛིན་བྱེད་སྟངས་ཐད་རྒྱ་ནག་གིས་རྫ་ཆུ་ལ་དོ་སྣང་ཆེན་པོ་སྤྲོད་བཞིན་ཡོད་ལ། ཕྱོགས་གཅིག་ནས་ལྷོ་ཤར་ཨེ་ཤ་ཡའི་ས་ཁོངས་རྩོད་རྙོག་དང་རྒྱལ་ཁབ་བདེ་འཇགས་ཀྱི་རྐྱེན་གྱིས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཚང་མའི་ཆུ་བོར་སྟངས་འཛིན་བྱེད་སྟངས་ལ་ཁྱད་པར་ཆེན་པོ་བཟོས་ཡོད། རྗེས་མ་ཡར་ཀླུང་གཙང་པོ་དང་རྫ་ཆུ་སྟངས་འཛིན་བྱེད་སྟངས་ཐད་མི་མང་དཀྱུས་མ་ཚོར་ཐག་གཅོད་རང་དབང་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པ་དང་། དམིགས་བསལ་ཡར་ཀླུང་གཙང་པོའི་གནས་སྟངས་ཐོག རྒྱ་གར་དང་རྒྱ་ནག་གཉིས་ནས་རྒྱུག་ཆུ་དང་འབྲེལ་བའི་ཁྲིམས་དང་སྒྲིག་འཛུགས་གཏན་འབེབས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསལ་སྟོན་བྱས་ཡོད། ” ཅེས་བརྗོད་སོང་།

དེའི་རྗེས་ཚོགས་འདུའི་ལས་རིམ་མཐའ་མར་མཁས་དབང་ཟླ་བ་ནོར་བུའི་རྕོམ་ཡིག་དང་འབྲེལ་ནས་“བོད་རྒྱའི་འབྲེལ་ལམ་ཁྲོད་ཀྱི་རང་དབང་གཙང་མའི་བདག་དབང་ལ་དཔྱད་ཞིབ། ”(Understanding Sovereignty in Tibet-China Relations) ཞེས་པའི་བརྗོད་གཞིའི་སྟེང་མཐོ་སློབ་འདྲ་མིན་གྱི་ཞིབ་འཇུག་པ་བཞི་ཡིས་དཔྱད་སྡུར་དང་བགྲོ་གླེང་གནང་ཡོད། ཐེངས་འདིའི་མཁས་དབང་ཟླ་བ་ནོར་བུའི་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་གསུམ་པར་གཏམ་བཤད་པ་དང་སློབ་ཕྲུག དེ་བཞིན། སྤྱི་ཚོགས་ནང་གི་དོན་གཉེར་ཅན་བཅས་ཁྱོན་བསྡོམས་མཉམ་ཞུགས་གནང་མཁན་ ༢༠༠ ཙམ་བྱུང་ཡོད།

གནས་ཚུལ་གཏོང་མཁན། གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ།

 

 

བསྐྱར་བཅོས།: ༢༠༡༧/༠༤/༠༩

Leave a Reply