མདང་དགོང་ཧྥི་ལི་པིན་གྱི་ཤོ་ཁང་ཞིག་ཏུ་མི་ ༣༦ བསད་འདུག

མདང་ནུབ་ཧྥི་ལི་པིན་གྱི་རྒྱལ་སའི་ཤོ་རྩེད་ཁང་ཞིག་ཏུ་མི་རྒྱུས་མེད་ཞིག་གློ་བུར་དུ་འཛུལ་ཡོང་སྟེ་གང་བྱུང་མེ་མདའ་བརྒྱབ་པ་དང་ཤོ་ཁང་དེའི་ཅ་དངོས་རྣམས་མེར་བསྲེགས་བཏང་སྟེ་མི་མང་པོ་ཞིག་ལ་ཤི་རྨས་ཐེབས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་སའི་ཧྥི་ལི་པིན་རྒྱལ་ཁབ་ཀྱི་རྒྱལ་ས་མཱ་ནེ་ལའི་སྤྲོ་སྐྱིད་ཁང་ཞིག་ཏུ། ཁ་སང་དགོང་མོ་གློ་བུར་དུ་མེ་མདའ་ཐོགས་པའི་མི་ཞིག་གིས་གང་བྱུང་མེ་མདའ་བརྒྱབ་ཡོད་པ་མ་ཟད། མཐའ་མར་ཁོ་རང་ཡང་ཁང་མིག་ཅིག་ཏུ་འཛུལ་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་འདུག

ད་ལྟ་དོན་རྐྱེན་དེའི་ཁྲོད་འདས་གྲོངས་སུ་ཕྱིན་པའི་ཕུང་པོ་ ༣༦ རྙེད་སོན་བྱུང་ཡོད་པ་དང་། མི་ ༥༠ ལྷག་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་འདུག འདས་གྲོངས་སུ་ཕྱིན་པ་མང་ཆེ་བ་བུད་མེད་ཡིན་འདུག མེ་མདས་བསད་པ་ཙམ་མ་ཡིན་པར། མི་དེས་མེ་མདའ་རྒྱག་བཞིན་རྒྱན་རྩེད་ཁང་གི་ཅོག་ཙེ་དང་རྐུབ་སྟེགས་རྣམས་མེར་བསྲེགས་བཏང་ཡོད་སྟབས། ཁང་མིག་ཧྲིལ་བོ་དུག་རྫས་ཀྱི་དུ་བ་ཁེངས་ཏེ་དབུགས་འབྱིན་རྔུབ་མ་ཐུབ་པར་མི་མང་པོ་འདས་གྲོངས་སུ་ཕྱིན་ཡོད་འདུག

ཧྥི་ལི་པིན་གྱི་སྐོར་སྲུང་བས་བརྗོད་པ་ལྟར་ན། ད་ལྟའི་བར་དུ་མི་དེ་རྒྱལ་ཁབ་གང་གི་མི་སེར་ཡིན་པ་ཤེས་རྟོགས་ཐུབ་མེད་ཀྱང་། མི་དེས་རྒྱན་རྩེད་ཁང་དུ་རྒྱུ་དངོས་འཕྲོག་བཅོམ་བྱེད་པར་ཡོང་བ་ལས། ཁ་ཆེ་དྲག་སྤྱོད་པ་དང་འབྲེལ་བ་མེད་པ་གསལ་བོ་ཆགས་ཡོད་འདུག

སྐོར་སྲུང་བ་དང་དོན་རྐྱེན་དེའི་ཡུལ་དངོས་ཀྱི་མི་ཚོས་བརྗོད་པ་ལྟར་ན། མི་དེས་སྤྲོ་སྐྱིད་ཁང་གི་མི་ཚོགས་ལ་དམིགས་འབེན་བྱས་མེད་པར། ཐོག་མ་བརྙན་འཕྲིན་རྣམས་ལ་མེ་མདའ་བརྒྱབ་སྟེ་ཆག་ཧྲུལ་བཏང་རྗེས་ད་གཟོད་གནམ་ལ་མེ་མདའ་བརྒྱབས་ཡོད་འདུག

མི་དེས་ཨ་སྒོར་ས་ཡ་ ༢།༣ ལྷག་གི་རིན་བབ་ཅན་གྱི་རྒྱན་རྩེད་ཁང་གི་ཅོག་ཙེ་དང་རྒྱན་འཇོག་བྱེད་ཀྱི་ཡོ་བྱད་རྣམས་མེར་བསྲེགས་བཏང་རྗེས་རྒྱན་རྩེད་ཁང་གི་ཟ་ཁང་བརྒྱུད་ཉལ་ཁང་ནང་འཛུལ་ཡོད་འདུག ཧྥི་ལི་པིན་རྒྱལ་ཡོངས་སྐོར་སྲུང་བའི་དམག་སྤྱི་རཱོ་ནལ་ཌི་ལཱ་རོ་སཱ་(Ronald Dela Rosa)ཡིས། “མི་ངན་དེ་ཉལ་ཁང་གི་ཉལ་ཁྲིའི་ཐོག་བསྡད་དེ་ཉལ་ཆས་སྟེང་ས་སྣུམ་གཏོར་རྗེས་རང་ལུས་ཉལ་ཆས་ནང་བཏུམས་ཏེ་རང་སྲེག་བརྒྱབ་སོང་།” ཞེས་བརྗོད་འདུག

སྤྲོ་སྐྱིད་ཁང་དེའི་འགན་འཛིན་གྱིས་གསར་འགོད་པར་བརྗོད་པ་ལྟར་ན། མི་དེས་རང་ལུས་མེར་བསྲེགས་བྱས་པ་མ་ཟད། མེ་འབར་བཞིན་པའི་སྐབས་སུ་ད་དུང་རང་གིས་རང་ལ་མེ་མདའ་རྒྱག་གིན་འདུག་ཅེས་བརྗོད་ཡོད། ད་ནིང་ཞོགས་པའི་ཆུ་ཚོད་ ༧ པ་ཙམ་ལ་སྐོར་སྲུང་བས་མེ་མདའ་རྒྱག་མཁན་དེའི་ཕུང་པོ་ཉལ་ཁང་ནང་ནས་རྙེད་ཡོད་འདུག སྐོར་སྲུང་བ་རྣམས་ཀྱིས་མི་དེ་རྒྱལ་ཁབ་གང་གི་མི་སེར་ཡིན་པ་ད་ལྟ་ངེས་གཏན་བྱེད་ཐུབ་མེད་ཀྱང་། མི་དེ་ཉིད་ཕྱི་རྒྱལ་བ་ཞིག་མིན་ནམ་སྙམ་པའི་དོགས་གཞི་བྱེད་ཀྱིན་ཡོད་འདུག

དོན་རྐྱེན་ཁྲོད་མི་དེ་མཐོང་མཁན་ཚོས་བརྗོད་པ་ལྟར་ན། མི་དེ་ནི་གཟུགས་རིང་ཞིང་མི་རིགས་དཀར་པོ་ཞིག་ཡིན་ཚུལ་བརྗོད་ཡོད། སྐོར་སྲུང་བས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རྒྱན་རྩེད་ཁང་གི་གསང་བའི་པར་ལེན་འཕྲུལ་ཆས་ལས་བླངས་བའི་བརྙན་ཐུང་ཞིག་སྤེལ་ཡོད་པ་དང་། བརྙན་ཐུང་དེའི་ནང་མི་དེས་གོས་ནག་པོ་གྱོན་ཞིང་ལག་ཏུ་མེ་མདའ་བཟུང་ཡོད་འདུག

སྐོར་སྲུང་བས་གསར་འགོད་པར་ “མི་དེ་ནི་ཕལ་ཆེར་ཀླད་པར་སྐྱོན་པ་ཅན་ཞིག་ཡིན་པ་འདྲ་བོ་འདུག” ཅེས་བརྗོད་ཡོད། སྤྲོ་སྐྱིད་ཁང་གི་འགན་འཛིན་གྱིས་ཀྱང་མི་ངན་དེས་མེ་མདའ་རྒྱག་སྟངས་ལ་བལྟས་ན་ “བློ་ཁོག་མེད་ཀྱང་གནས་སྐབས་སེམས་འཁྲུག་ཡོད་པ་ཞིག་ཏུ་མཐོང་སོང་།”ཞེས་བརྗོད་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༦/༠༣

Leave a Reply