མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་བྱེད་མཁན་སྲིད་བློན་ཐོག་མ།

ཨེར་ལན་ཌི་རྒྱལ་ཁབ་ཀྱི་བདམས་ཐོན་སྲིད་བློན་ལཱི་ཨོ་ཝ་རཊ་ཀཱར་ལགས་ནི་ཨེར་ལན་ཌིའི་སྲིད་བློན་རིམ་བྱོན་ཁྲོད་ཀྱི་ལོ་ན་ཆུང་ཤོས་དང་འཛམ་གླིང་གི་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་བྱེད་མཁན་སྲིད་བློན་དང་པོ་དེ་ཆགས་ཡོད།

ཁ་སང་སི་ཨིན་ཨིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་ལྷོ་སྣེའི་རྒྱལ་ཁབ་ཨེར་ལན་ཌི་(Ireland)ཡི་སྲིད་བློན་འོས་བསྡུའི་ཁྲོད། ད་ལྟ་ཁོང་རང་ལོ་ ༣༨ ཡིན་པའི་ཕཱ་ཡེན་གྷེལ་(Fine Gael)ཆབ་སྲིད་ཚོགས་པའི་སྐུ་ཞབས་ལཱི་ཨོ་ཝ་རཊ་ཀཱར་(Leo Varadkar)ལགས་སུ་རྒྱལ་ཁ་ཐོབ་ཡོད་ཡོད། ཁོང་ནི་རྒྱ་གར་གྱི་མི་རྒྱུད་ཡིན་འདུག

ཟླ་འདིའི་ཚེས་ ༡༣ ཉིན་ཨེན་ལན་ཌི་གྲོས་ཚོགས་ཀྱིས་སྐུ་ཞབས་ལཱི་ཨོ་ལགས་སྲིད་བློན་གསར་པར་གཞུང་འབྲེལ་གསལ་བསྒྲགས་གནང་བ་དང་བསྟུན་ཏེ། ཁོས་ལས་འཁུར་དམ་འབུལ་ཞུ་རྒྱུ་ཡིན་པ་དང་། ཉིན་དེ་ནས་བཟུང་སྐུ་ཞབས་ལཱི་ཨོ་ལགས་ནི་ཨེར་ལན་ཌི་རྒྱལ་ཁབ་ཀྱི་སྲིད་བློན་ལོ་ན་ཆུང་ཤོས་དང་། འཛམ་གླིང་ནང་གི་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་གནང་མཁན་སྲིད་བློན་ཐོག་མ་དེ་ཆགས་རྒྱུ་ཡིན་འདུག

ལོ་རྒྱུས་ཐོག་ཨེར་ལན་ཌི་ནི་ཡུ་རོབ་གླིང་གི་ཆོས་དང་རིག་གཞུང་ལ་གཅེས་འཛིན་ཆེ་ཞིང་ཀླད་རྙིང་འཁྲེགས་འཛིན་གྱི་རྒྱལ་ཁབ་ཤུགས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཅིང་། ༡༩༩༣ ལོའི་བར་མཚན་མཐུན་འཁྲིག་སྤྱོད་རིགས་ཁྲིམས་འགལ་དུ་བརྩིས་ཏེ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། ཐེངས་འདིར་སྲིན་བློན་གསར་པའི་འོས་བསྡུའི་རྒྱལ་ཁས་ཨེར་ལན་ཌི་རྒྱལ་ཁབ་དེ་སྔོན་ཆད་ཀྱི་རྣམ་པ་རྙིང་པ་ལས་ཡོངས་སུ་བརྒལ་ཡོད།

སྐུ་ཞབས་ལཱི་ཨོ་ལགས་སུ་རྒྱལ་ཁ་ཐོབ་རྗེས་ “སེམས་པ་དགའ་སོང་ལ། ལྷིང་འཇགས་གྱུར་སོང་།”ཞེས་བརྗོད་ཡོད་པ་དང་། སྐབས་དེར་ཁོའི་ཁ་གཏད་སཱི་མོན་ལགས་ཀྱིས། “སྐུ་ཞབས་ལཱི་ཨོ་ལགས་སུ་སྙིང་སྟོབས་ལྡན་ཞིང་འཆར་གཞི་ལེགས་སྟབས། འོས་བསྡུའི་ཁྲོད་ཁོང་གི་བྱ་སྤྱོད་མི་མང་གི་བློར་འབབ་པོ་བྱུང་ཡོད་ལ། ང་རང་ཡང་མ་འོངས་པར་ཁོང་གི་དབུ་ཁྲིད་འོག་ང་ཚོའི་རྒྱལ་ཁབ་སྔར་ལས་ཡར་རྒྱས་ཡོང་བར་ལས་ཀ་བྱེད་འདོད་ཡོད” ཅེས་བརྗོད་འདུག

སྐུ་ཞབས་ལཱི་ཨོ་ལགས་ཀྱིས་ཁོང་ལ་སྲིད་བློན་རྒྱལ་ཁ་ཐོབ་རྗེས་གསར་འགོད་པར། “ཨེར་ལན་ཌི་རྒྱལ་ཁབ་ནང་འཚར་ལོངས་འབྱུང་བཞིན་པའི་ཕྲུ་གུ་སུ་འདྲ་ཞིག་ཡིན་ཡང་། ཁོང་རྣམ་པས་ངའི་ཐུན་མིན་གྱི་ལོ་རྒྱུས་དང་རྒྱབ་ལྗོངས་སོགས་མིག་དཔེར་བལྟ་བའི་རེ་བ་ཡོད་ལ། ཁོང་ཚོ་འཇིག་རྟེན་འདིར་རང་ཉིད་རང་ལ་ཡིད་ཆེས་ཡོད་ན། རང་གི་འདོད་འདུན་ཐམས་ཅད་བསྒྲུབ་ཐུབ་པ་ཞིག་ཡིན་པར་ངེས་ཤེས་སྐྱེ་བཅུག་འདོད་འདུག” ཅེས་དང་། དེ་བཞིན། “ཨེར་ལན་ཌིའི་ཕ་མ་ཐམས་ཅད་ཀྱིས་རང་གི་ཕྲུ་གུའི་ཆེད་དུ་རྨི་ལམ་ཆེན་པོ་ཞིག་གཏོང་ཆོག་གི་རེད།”ཅེས་བརྗོད་ཡོད་འདུག

སྐུ་ཞབས་ལཱི་ཨོ་ལགས་ཀྱི་ཨ་ཕ་ནི་རྒྱ་གར་གྱི་མི་དང་ལས་གནས་སྨན་པ་དང་། ཨ་མ་ནི་ཨེར་ལན་ཌིའི་མི་དང་ལས་གནས་སྨན་ཞབས་མ་ཡིན་འདུག ཁོང་གི་སྐྱེས་ཡུལ་རྒྱ་གར་ལྷོ་ཕྱོགས་མཱུམ་བྷེ་(Mumbai)གྲོང་ཁྱེར་དང་། ཆུང་དུས་ནས་སྨན་དཔྱད་རིག་པར་སློབ་གཉེར་བྱས་ཏེ། རང་ལོ་ ༢༧ སྟེང་དངོས་སུ་སྨན་པ་ཆགས་ཡོད་འདུག

ཁོང་གིས་ ༢༠༡༥ ལོར་ཨེར་ལན་ཌིའི་ཆབ་སྲིད་ཚོགས་པར་ཞུགས་པ་དང་། རྗེས་སུ་འཕྲོད་བསྟེན་བློན་ཆེན་དུ་བསྐོས་ཡོད་འདུག སྐབས་དེར་ཁོང་གིས་མཚན་མཐུན་གཉེན་སྒྲིག་ལ་མོས་པའི་ཆབ་སྲིད་པ་ཁ་ཤས་དང་ལྷན་དུ་ཨེར་ལན་ཌི་རྒྱལ་ཡོངས་རླུང་འཕྲིན་ཁང་དུ་ཕྱིན་ཏེ། མཚན་མཐུན་གཉེན་སྒྲིག་གི་གྲོས་ཆོད་ལ་རྒྱབ་སྐྱོར་གྱི་གཏམ་བཤད་ཤུགས་ཆེན་བྱས་ཡོད་སྟབས། གཞུང་གིས་མཚན་མཐུན་གཉེན་སྒྲིག་བྱེད་ཆོག་པའི་ཁྲིམས་གཞི་གཏན་འབེབས་བྱས་ཡོད་འདུག

ཨེར་ལན་ཌི་ནི་ཨེ་ཤུ་ཆོས་དཔོན་ཚོས་ཡུན་རིང་སྟངས་འཛིན་བྱས་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ཆོས་ལུགས་ཀྱི་བག་ཆགས་ཆེ་དྲགས་ཏེ། ཡེ་ཤུ་ཆོས་ཁྲིམས་ཀྱི་ས་མཚམས་ལས་བརྒལ་བའི་ལས་དོན་རིགས་ལམ་ལྷོངས་འབྱུང་དཀའ་ཡང་། ད་རེབ་སྐུ་ཞབས་ལཱི་ཨོ་ལགས་སྲིད་བློན་དུ་རྒྱལ་ཁ་ཐོབ་པ་དེ་ནི་བསམ་ཡུལ་དུ་འདས་པ་ཞིག་ཆགས་ཡོད་སྟབས། མི་མང་ཚོས་སྐུ་ཞབས་ལཱི་ཨོ་ཡིས་དམ་དྲག་ཆེ་བའི་གནད་དོན་མང་པོ་ཞིག་རང་དབང་དང་ཐོབ་ཐང་གི་ཕྱོགས་སུ་འཁྲིད་ཐུབ་པའི་རེ་འདུན་འཆང་ཡོད་པ་རེད།

སྐུ་ཞབས་ལཱི་ཨོ་ལགས་ཀྱིས་འོས་བསྡུའི་ལས་འགུལ་སྐབས་ “ཨེར་ལན་ཌི་མདུན་སྐྱོད་བྱེད་དུ་འཇུག་དགོས།” ཞེས་བརྗོད་ཡོད་པ་ནི། ཆབ་སྲིད་པ་མགོ་འཁྲེགས་དང་གཞུང་གྱི་དཔྱ་ཁྲལ་སྲིད་ཇུས་ལ་དམིགས་པ་ཞིག་ཡིན་པ་དང་། ད་དུང་ཁོང་གིས་རང་རྒྱལ་འཛུགས་སྐྲུན་ཆེད་མ་དངུལ་ཤུགས་ཆེན་གཏོང་རྒྱུ་དང་། གཞུང་འབྲེལ་ལས་བྱེད་ཚོས་ཀྱང་ངོ་རྒོལ་བྱེད་བཞིན་པའི་དཔྱ་ཁྲལ་ཁྲིམས་ཡིག་ལ་བསྐྱར་བཅོས་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༦/༠༤

Leave a Reply