མཚུར་བུ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཁེ་ན་ཌ་ཁེལ་གྷི་རིར་ཐེངས་དང་པོ་ཕེབས།

ནོར་བསམ།

   ཁེ་ན་ཌའི་གྲོང་ཁྱེར་ཁེལ་གྷི་རི་ནི་ཁེ་ན་ཌའི་མངའ་སྡེ་ཨལ་བྷ་ཀྲ་ནང་ཆགས་ཡོད་པ་དང་། སྤྱི་ལེ་ ༨༠ ཙམ་གྱི་སར་གངས་རི་ར་བས་སྐོར་ནས་བོད་ཡུལ་ལྟ་བུ་ཡུལ་ལྗོངས་ཧ་ཅང་མཛེས་པོ་ཡོད། གྲོང་ཁྱེར་འདིའི་ནང་རིག་གཞུང་སྣ་མང་གིས་ཕྱུག་པའི་མི་རིགས་འདྲ་མིན་སྣ་ཚོགས་ཞི་བདེའི་ངང་མཉམ་གནས་བྱེད་བཞིན་ཡོད་ལ། གྲོང་ཁྱེར་འདིའི་མི་འབོར་ས་ཡ་ ༡།༢ གཉིས་ཡོད་པ་ལས་བརྒྱ་ཆ་ ༢༦ ཕྱི་མི་གཞིས་སྤོས་ཆགས་ཡོད། འོན་ཀྱང་ས་གནས་འདིར་བོད་མིའི་གྲངས་འབོར་ ༧༡༤ ཙམ་ལས་མེད། གྲོང་ཁྱེར་གསར་པ་དེ་བྱུང་ནས་ལོ་ ༣༦ ཙམ་ལས་འགྲོ་ཡི་མེད་ཀྱང་ཡར་རྒྱས་འགྲོ་མགྱོགས་པས་ད་ལྟ་ཁེ་ན་ཌའི་གྲོང་ཁྱེར་ཆེ་ཤོས་ལྔ་པ་ཆགས་ཡོད་ལ། གྲོང་ཁྱེར་དེའི་ནང་སྐད་རིགས་མི་འདྲ་བ་ ༡༢༠ ཤོད་མཁན་ཡོད། དམིགས་བསལ་དོ་སྣང་འོས་པ་གཅིག་ནི་འཛམ་གླིང་ནང་གི་གྲོང་ཁྱེར་གཙང་ཤོས་ཀྱི་ཟིན་ཐོ་བླངས་ཡོད་པ་དེ་དང་། ཁེ་ན་ཌ་ནས་ལོ་གཅིག་ནང་ཉི་མ་ཕོགས་ཡུན་རིང་ཤོས་ཀྱི་ས་ཆ་ཡིན་སྟབས་དགོང་དྲོ་ཆུ་ཚོད་ ༡༡ ཙམ་ལ་གཞི་ནས་མུན་ནག་ཆགས་པ་དེ་རེད།

༢༠༡༧ ཕྱི་ཟླ་ ༦ ཚེས་ ༡༤ དགོང་དྲོ་ ༥།༣༠ ཙམ་གྲོང་ཁྱེར་གྱི་ལྟེ་བར་ཆགས་པའི་ Jack Singer Concert Hall ཞེས་པའི་ཚོགས་ཁང་ཆེན་པོའི་མདུན་དུ་མི་ཚོགས་མང་པོ་ཞིག་འདུ་འཛོམས་བྱས་འདུག་པ་ལས་དུས་རྒྱུན་དང་མི་འདྲ་བའི་རྣམ་པ་ནི་བོད་ཆས་གྱོན་པའི་མི་མང་པོ་ཞིག་གིས་ཕན་ཚུན་འཛུམ་དང་བཅས་འཚམས་འདྲི་ཞུ་རེས་དང་གླེང་མོལ་བྱེད་བཞིན་པའི་རྣམ་པ་དེ་རེད། བོད་མི་རྒན་པ་ཁ་ཤས་ཀྱིས་ས་གནས་དེར་བོད་པ་དེ་འདྲ་མཉམ་དུ་དུས་གཅིག་ལ་ས་གནས་གཅིག་ལ་འཛོམས་ཐུབ་པ་ལོ་གསར་ལ་ཡང་ཡོད་མ་རེད་ཅེས་གླེང་བ་གོ་ཐོས་བྱུང་ལ། མང་པོ་ཞིག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་འདིར་ཕེབས་ན་དགའ་བ་ལ་ཨང་ཞེས་དང་། ཡང་ཁ་ཤས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཕེབས་པ་ཡིན་ན་ཚོགས་ཁང་དེ་ལས་ལྡབ་འགྱུར་གྱིས་ཆེ་བ་མངགས་དགོས་ངེས་རེད་ཅེས་སོགས་ལབ་གླེང་བྱེད་བཞིན་འདུག ཁོ་ཚོའི་ལབ་གླེང་ལས་ཤེས་རྟོགས་གསལ་པོ་ཐུབ་པ་ནི་༧རྒྱལ་བ་རིན་པོ་ཆེ་ཡང་གནས་འདིར་ཕེབས་རྒྱུར་ངང་སྒུག་དང་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་རྟོགས་ཐུབ་ཀྱི་འདུག དེ་རིང་ཀརྨ་པ་རིན་པོ་ཆེའི་གསུང་བཤད་ཉན་བར་སླེབས་མཁན་ཚང་མ་བོད་པ་ཙམ་མིན་པར་རྒྱ་རིགས་ཚུད་པའི་ཕྱི་རྒྱལ་མི་རིགས་གཞན་བཅས་ཁྱོན་མི་གྲངས ༡༤༠༠ ཙམ་སླེབས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཁེ་ན་ཌའི་གཞུང་གི་རོགས་རམ་འོག་ ༡༩༧༡ ཙམ་ལ་བོད་མི་ ༢༢༨ ཙམ་ས་གནས་འདིར་ཐོག་མར་གནས་སྤོས་བྱུང་བ་དང་། དེ་རྗེས་ཕྱི་ལོ་ ༢༠༡༤ ལ་རྒྱ་གར་བྱང་ཤར་ཁུལ་ནས་རིམ་པས་བོད་མི་ ༣༡༤ ཙམ་གཞིས་སྤོས་ཀྱིས་ད་ཆ་ས་གནས་འདིར་བོད་མི་ ༧༡༤ ཡོདཔ་ཚང་མས་༧རྒྱལ་བའི་བཀའ་སློབ་དགོངས་དོན་འོག་ཡུལ་ཁྲིམས་དང་མི་འགལ་བའི་ཐོག་སོ་སོའི་ལས་སློབ་ལ་བརྩོན་བཞིན་ཁྱིམ་ཚང་དང་། གཟའ་འཇུག་འཛིན་གྲྭ་སོགས་བརྒྱུད་བུ་ཕྲུག་རྣམས་ལ་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་སྐད་ཡིག་སློབ་འཁྲིད་བྱེད་བཞིན་ཡོད་པ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོས་དབྱིན་སྐད་ཐོག་ནས་ཀརྨ་པ་རིན་པོ་ཆེར་སྙན་སེང་ཞུས་སོང་། ཨལ་བྷ་ཀྲ་བོད་རིགས་སྤྱི་མཐུན་ཚོགས་པ་ནི་ ༡༩༧༧ ལོར་ཁེ་མེད་ཚོགས་པའི་མིང་ཐོག་ནས་དེབ་སྐྱེལ་དང་། ༢༠༠༩ ལོར་མིང་བསྒྱུར་གྱིས་ཨལ་བྷ་ཀྲ་བོད་རིགས་སྤྱི་མཐུན་ཚོགས་པ་ཞེས་བོད་མིའི་སྒྲིག་འཛུགས་ནས་ངོས་འཛིན་ཡོད་པའི་ཚོགས་པ་ཞིག་གི་ངོ་བོར་གནས་འདུག

ཀརྨ་པ་རིན་པོ་ཆེ་མཆོག་གིས་ཁོ་རང་རྗེས་སུ་དགུན་ཁ་གནམ་གཤིས་གྲང་ངར་ཆེ་བའི་སྐབས་སུ་ས་གནས་ཁིལ་གྷི་རིར་ཕེབས་འདོད་ཡོད་སྐོར་གསུངས་སོང་། ཁོང་གིས་གསུངས་སྟངས་ལས་ཁོ་རང་བོད་ཡུལ་ཁ་བའི་ལྗོངས་དང་བྲལ་ནས་ཡུན་རིང་སོང་སྐབས་ཁ་བའི་ཁྲོད་དུ་གྲང་ངར་གྱི་ཐུགས་ཚོར་མྱོང་འདོད་ཡོད་པ་རྟོགས་ཐུབ་ཅིང་། ཉེ་ལམ་ཁོ་རང་ཁེ་ན་ཌའི་ས་གནས་ཀྲོ་རོན་ཀྲོ་རུ་མི་མང་ལ་གསུང་བཤད་གནང་སྐབས་ ༡༩༩༩ ཟླ་ ༡༢ ཚེས་ ༢༨ ཉིན་ཁོང་བོད་ནང་གི་མཚུར་བུ་དགོན་པ་ནས་གསང་བྲོས་སུ་ཕེབས་སྐབས་ཡི་གེ་ཞིག་བཞག་པའི་ནང་བོད་གངས་ཅན་ལྗོངས་སུ་ཕན་པའི་གནས་སྟངས་ཆགས་ཚེ་ཕེབས་རྒྱུ་ཡིན་སྐོར་བྲིས་ཡོད་ཅེས་བཙན་བྱོལ་ལ་ཕེབས་ནས་ཡོངས་གྲགས་ཐེངས་དང་པོ་གསུངས་ཡོད།

ཁེལ་གྷི་རིར་མི་གྲངས་ ༡༤༠༠ ཙམ་ལ་ཁོང་གིས་ཐོག་མར་འཛམ་གླིང་ཞི་བདེ་དང་འབྲེལ་ནས་བྱམས་བརྩེའི་ཐོག་གསུང་བཤད་གནང་བ་དང་། དེ་རྗེས་ཨིན་བསྒྱུར་མི་དགོས་པའི་ཐོག་ནས་བོད་མི་རྣམས་ལ་དམིགས་བསལ་གསུང་བཤད་དང་། མཎི་ཡིག་དྲུག་སོགས་ཀྱི་ལུང་གནང་སོང་། ཀརྨ་པ་རིན་པོ་ཆེ་ས་གནས་འདིར་མ་ཕེབས་པའི་ཉིན་གཅིག་གི་སྔོན་དུ་ངས་ཁོང་གི་སྐུ་འཁོར་གཅིག་དང་མཉམ་དུ་གླེང་མོལ་བྱས་པ་བརྒྱུད་ཁོ་རང་མཁྱེན་རྒྱ་རྒྱས་པོ་ཆགས་བཞིན་པའི་རྒྱུ་མཚན་གཙོ་བོ་ནི་རིག་པའམ་དྲན་ཤེས་བརྟན་པོ་ཡོད་པའི་རྒྱུ་མཚན་གཙོ་བོ་ཡིན་སྐོར་གསུངས་བྱུང་། དགུང་གྲངས་ལ་གཞིགས་པའི་མཁྱེན་པ་རྒྱས་བཞིན་པ་ནི་དངོས་ཡོད་གནས་ཚུལ་རེད་འདུག ཁོང་གིས་འཛམ་གླིང་ཞི་བདེ་དགོས་ན་དང་ཐོག་མར་དོ་བདག་སོ་སོའི་རྒྱུད་ལ་བྱམས་བརྩེ་བསྐྲུན་དགོས་པ་དང་། འགྲོ་བ་མིའི་རྒྱུད་ལ་རང་བཞིན་གྱི་ངོས་ནས་བྱམས་བརྩེའི་ས་བོན་ཡོད་ནའང་གོང་འཕེལ་དུ་གཏོང་དགོས་པ་ལས་དེ་མིན་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་སྐོར་གསུངས་སོང་།

སྤྱིར་ཁོང་མཇལ་སྐབས་དྲག་པོའི་ཉམས་སྣང་ཞིག་ཡོད་ཀྱང་། གསུང་བཤད་གནང་བཞིན་པའི་བར་མཚམས་སུ་ཞལ་དགད་མི་ཉུང་བ་སློང་གི་འདུག ང་ཚོ་ཚང་མས་དོ་སྣང་བྱུང་ཡོད་པའི་གནས་དོན་གཅིག་ནི་དེང་སྐབས་གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཟམ་གདོང་རིན་པོ་ཆེ། ཀརྨ་པ་རིན་པོ་ཆེ་སོགས་ནས་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་སྐད་ཡིག་ལ་སློབ་སྦྱོང་བྱ་དགོས་པའི་བཀའ་སློབ་གསུང་བཤད་ནན་པོ་ཕེབས་དང་ཕེབས་བཞིན་པ་དེ་རེད། ཀརྨ་པ་རིན་པོ་ཆེས་བོད་རིགས་རྣམས་ལ་དམིགས་བསལ་གསུང་བཤད་གང་གནང་བ་ལས་ངས་སྙིང་དོན་ཙམ་བརྗོད་འདོད་བྱུང་། ཁོང་གིས། དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་བོད་རིགས་སྤུན་ཟླ་མིང་སྲིང་རྣམས་ཐུག་པར་དགའ་པོ་བྱུང་། ཞེས་དང་། ༡༩༥༩ ལོར་བོད་གཞིས་བྱེས་གཉིས་སུ་གྱེས་པ་དང་། བླ་ཆེན་མང་པོ་ཞིག་བཙན་བྱོལ་ལ་ཕེབས་དགོས་དོན་ནི་སོ་སོའི་ཆོས་རིག་སྐད་ཡིག་རྒྱུན་འཛིན་བྱ་རྒྱུའི་ཆེད་དུ་ཕེབས་པ་རེད། བོད་དོན་ཟེར་པ་ནི་ཆབ་སྲིད་ཙམ་མིན་པར་དེ་ལས་བརྒལ་བ་ཆོས་རིག་རྒྱུན་འཛིན་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡང་ཚུད་ཡོད་སྐོར་དང་། བོད་ཀྱི་མ་རྩ་ནི་བོད་ཀྱི་སྐད་ཡིག་ཡིན་པ་དང་། གལ་སྲིད་བོད་ཀྱི་སྐད་ཡིག་བརླགས་པ་ཡིན་ན་རིམ་པས་འཛམ་གླིང་ཐོག་ནས་བོད་ཟེར་པའང་བརླག་རྒྱུ་ཡིན་སྟབས་ཁྱིམ་ཚང་ནང་དུ་ཕ་མ་ཚོས་སོ་སོའི་ཕྲུ་གུར་བོད་ཀྱི་སྐད་ཡིག་སློབ་འཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱབ་དགོས་སྐོར་གསུངས་སོང་ལ། ད་དུང་ཁོང་གིས། རྒྱ་གར་ནང་བོད་མིའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་གཞི་རྒྱ་ཡང་ཆུང་དུ་འགྲོ་བཞིན་པས་རེ་བ་རྒྱབ་ས་ནི་ཕྱི་རྒྱལ་ཁག་ལ་གནས་སྡོད་བོད་མི་རྣམས་ཆགས་ཡོད། ཕྱི་རྒྱལ་ལ་ཡོད་པའི་བོད་མི་ཚོས་སྤྱི་ཁང་ཉོས་པ་དང་གཟའ་འཇུག་འཛིན་གྲྭ་ཚུགས་པ་ཙམ་མིན་པར་བོད་པའི་སློབ་གྲྭ་ཟུར་འཛུགས་བྱེད་ཐུབ་པ་ཡིན་ན་རེ་བ་ཡོད་སྐོར་གསུངས།

དེ་ནས་ཁོང་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གལ་ཆེ་ཡིན་སྐོར་དེ་ལྟར་གསུངས་སོང་། ང་ཚོ་བོད་མི་ཚང་མ་ཤ་ཁྲག་གཅིག་པ་རེད། དེང་སྐབས་བོད་ནང་ཆོལ་གསུམ་བོད་མི་རྣམས་མཐུན་སྒྲིལ་སྔ་ན་མེད་པ་ཞིག་བྱུང་ཡོད། མཐུན་སྒྲིལ་ཡོད་པ་རྣམས་བརྟན་སྲུང་བྱ་དགོས་པ་ལས་མཐུན་སྒྲིལ་མེད་པའི་གནས་སྐབས་སུ་མཐུན་སྒྲིལ་ཡོང་བ་བཟོ་རྒྱུ་དཀའ་ལས་ཧ་ཅང་ཁག་པོ་རེད་ཅེས་དང་། མཐུན་སྒྲིལ་ཡོད་ན་བོད་ཀྱི་བདེན་མཐའ་གསལ་རྒྱུ་དང་། བོད་ལ་སྐྱིད་པའི་ཉི་མ་ཤར་རྒྱུ་ཡོང་བ་ལས། མཐུན་སྒྲིལ་མེད་ན་དེ་རིང་སྐྱིད་པའི་ཉི་མ་ཤར་ནའང་སང་ཉིན་སྡུག་པའི་ཉི་མ་ཤར་སྲིད་སྐོར་གསུངས། དེ་ནས་ཁོང་གིས། ངའི་ངོ་ཤེས་ཁ་ཤས་བོད་ལ་བསྐྱོད་རྗེས་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་འདྲ་ཡོད་པས་ཕྱི་རྒྱལ་ལ་སྐྱེས་འཚར་བྱུང་བའི་བོད་ཕྲུག་རྣམས་ངེས་པར་དུ་བོད་ལ་བསྐྱོད་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས།

ཁོང་གིས་ད་ལན་ཁེལ་གྷི་རིར་ཐེངས་དང་པོ་ཡིན་པས་ཚང་མ་བཤད་པ་ཡིན་ན་རྗེས་སུ་ཡོང་སྐབས་བཤད་རྒྱུ་མེད་པའི་དཀའ་ངལ་ཆགས་རྒྱུ་ཡིན་པས་དེ་ཙམ་ཡིན་ཞེས་གསུངས་མ་ཐག་ཚོགས་ར་ཡོངས་སུ་དགོད་སྒྲས་ཁེངས་སོང་། བྲེལ་ཟིང་ཧ་ཅང་ཆེ་བའི་ནུབ་ཕྱོགས་ཡུལ་ཁག་ནང་དུས་རྒྱུན་ནང་མི་ཚང་མ་མཉམ་དུ་ཁ་ལག་བཟའ་རྒྱུའི་གོ་སྐབས་ཧ་ཅང་དཀོན་ནའང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། རིས་མེད་དབུ་ཁྲིད་བླ་ཆེན་ཁག་ཕེབས་སྐབས་བོད་མི་མང་པོ་མཉམ་འཛོམས་ཐུབ་པ་དེ་ནི་བོད་ཀྱི་ཆོས་རིག་གི་ནུས་སྟོབས་ཅི་ལ་མིན། །

བསྐྱར་བཅོས།: ༢༠༡༧/༠༦/༡༦

Leave a Reply

5 thoughts on “མཚུར་བུ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཁེ་ན་ཌ་ཁེལ་གྷི་རིར་ཐེངས་དང་པོ་ཕེབས།

  1. བསྟན་འཛིན་ཕུན་ཚོགས།

    རྩོམ་ཡིག་ཧ་ཅང་བག་ཡོད་ཅིག་བྲིས་འདུག རྩོམ་ཡིག་འབྲི་སྟངས་དང་སྐད་ཆའི་ནང་དོན་གང་ཐད་ནས་རྩོམ་པ་པོ་མཆོག་ཤེས་ཡོན་དང་བསམ་བློན་སྨིན་ཡོད་པ་ཞིག་གི་བཟོ་ལྟ་འདུག བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་གསར་སྐྱེས་ཚོར་སྐྱོན་ཞིག་ཡོད་པ་ནི་བསྟོད་ན་བསྟོད་ཐལ་དྲགས་པ་དང་སྨད་ན་སྨད་ཐལ་དྲགས་པ་དེ་རེད། བསྟོད་སྨད་གང་རུང་ཞིག་མ་བྲིས་ན་ཧ་ལམ་རྩོམ་འབྲི་རྒྱུ་མེད་པ་འདྲ་བོ་དང་འབྲི་མ་ཤཻས་པ་འདྲ་བོ་ཞིག་ཡོད་རེད། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་གི་རྩོམ་པ་པོ་གཞོན་སྐྱེས་མང་ཆེ་བ་ཞིག་ལ་ཆོལ་ཁ་དང་ཆབ་སྲིད་ཀྱི་མཐར་ལྷུང་སྟེ་རྩོམ་ཡིག་གང་ཞིག་བྲིས་ཀྱང་ཚིག་གི་མགོ་བཙུགས་པ་ནས་བཟུང་སྒེར་གྱི་ནང་སྙིང་མཐོང་ཐུབ་པ་དེ་འདྲ་རྐྱང་བྲིས་བསྡད་ཀྱི་འདུག་པས་གང་ཟག་སྒེར་སོ་སོའི་ཀུན་སྤྱོད་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། བོད་པའི་རྩོམ་རིག་གི་སྡིངས་ཆ་དང་མཐའ་ན་བོད་པའི་གཤིས་སྤྱོད་དང་སྐད་ཡིག་རིག་གཞུང་ལའང་ནག་ཐིག་ཕབ་ཀྱི་འདུག་ཟེར་ཆོག་པ་ཞིག་རེད།

  2. རྩོམ་ཡིག་ཡག་པོ་བྲིས་འདུག ནོར་བསམ་ལགས་ཐུགས་རྗེ་ཆེ། ཁྱེད་རང་གིས་སྔོན་ཆད་རྩོམ་ཡིག་ཁ་ཤས་བྲིས་པ་དག་ཀྱང་ཧ་ཅང་ཡག་པོ་དང་ཁ་ཡོད་ལག་ཡོད་རྐྱང་རེད་འདུག

  3. མཚུར་བུ་དགོན་དང་། མཚུར་ཕུ་དགོན་གཉིས་ཀ་འབྲི་སྲོལ་ཡོད། གཤམ་གྱི་འབྲེལ་ཐག་སྣོན་དང་མཚུར་བུ་དགོན་ཞེས་གཟིགས་ཐུབ།

    https://bo.wikipedia.org/wiki/%E0%BD%98%E0%BD%9A%E0%BD%B4%E0%BD%A2%E0%BC%8B%E0%BD%96%E0%BD%B4%E0%BC%8B%E0%BD%91%E0%BD%82%E0%BD%BC%E0%BD%93%E0%BC%8D

    1. འབྲོང་བུ་སོག་ཚ།

      བཀྲ་ཤིས་ལགས། སྔོན་གྱི་མཚུར་ཕུ་དགོན་པའི་ལོ་རྒྱུས་ཡིག་རྙིང་དག་ནང་མཚུར་ཕུ་ཞེས་བཀོད་པ་ལས། མཚུར་བུ་ཞེས་པ་རྩ་བ་ནས་འབྲི་སྲོལ་མི་སྣང་། དེང་སང་ནི་མི་ཤེས།