མའོ་ཙེ་ཏུང་གི་འདྲ་པར་གོང་ཆེན་མ།

བྷི་བྷི་སི་གསར་ཁང་གིས་ཕྱི་ཚེས་ ༡༧ ཉིན་སྤེལ་བའི་གནས་ཚུལ།

ཟླ་རྗེས་མའི་ཚེས་ ༢ ཉིན་ཨ་རིའི་སྒྱུ་རྩལ་པ་གྲགས་ཅན་སྐུ་ཞབས་ཨན་ཌི་ཝར་ཧོལ་ (Andy Warhol) ལགས་ཀྱིས་བྲིས་པའི་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གི་པར་ཞིག་ཧོང་ཀོང་ནང་སྡུར་ཚོང་བྱ་རྒྱུ་ཡིན་པ་དང་། དེ་ནི་རྒྱ་ནག་གི་ཕྱུག་བདག་ཚོར་མཚོན་ན་ཕྱིར་རང་ཡུལ་དུ་གདན་འདྲེན་ཞུ་དགོས་པའི་སྒྱུ་རྩལ་བརྩམས་ཆོས་གལ་ཆེན་ཞིག་ཡིན།

མའོ་ཙེ་ཏུང་གི་དེང་རབས་སྒྱུ་རྩལ་གྱི་པར་རིས་དེ་ནི། སྒྱུ་རྩལ་པ་ཨཱན་ཌི་ཝར་ཧོལ་ལགས་ཀྱི་སྒྱུ་རྩལ་བརྩམས་ཆོས་མཱ་རེ་ལིན་མཱོན་རོ་དང་ཁཱེམ་རྦིལ་སཱོ་ཕུ་ (Marilyn Monroe, Campbell soup) སོགས་དང་འདྲ་བར་དེང་རབས་སྒྱུ་རྩལ་ཀྱི་ཁྱད་ཆོས་འབུར་དུ་འཐོན་པའི་བརྩམས་ཆོས་གྲགས་ཆེན་ཞིག་ཡིན།

པར་དེ་མའོ་ཙེ་ཏུང་གིས་བརྩམས་པའི་དེབ་ཆུང་དམར་པོ་༼མའོ་ཙེ་ཏུང་གི་གསུང་བཏུས།༽ཞེས་བའི་ནང་གི་མའོ་ཡི་འདྲ་པར་ལ་བལྟས་ཏེ་བྲིས་པ་ཞིག་ཡིན་པ་དང་། དེ་ནི་དུས་རབས་ཉི་ཤུའི་ནང་གི་སྐད་གྲགས་ཆེ་ཤོས་ཀྱི་པར་ཞིག་ཡིན་པ་དང་། ཐེངས་འདིའི་རིན་སྤར་ཚོང་འགྲེམ་སྟེང་ཨ་སྒོར་ས་ཡ་ ༡༢.༡ ནས་ ༡༥ བར་བྱས་ཏེ་བཙོང་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད།

པར་དེ་ ༢༠༡༤ ལོར་དབྱིན་ཇུའི་རྒྱལ་ས་ལོན་ཌོན་( London )གྱི་རིན་སྤར་ཚོང་འགྲེམ་སྟེང་ཨ་སྒོར་ས་ཡ་ ༧་༦ ནས་ ༩་༤ སྤྲད་དེ། མིང་བཤད་འདོད་མེད་པའི་ད་ལྟའི་ཚོང་བདག་དེས་ཉོས་ཡོད་པ་དང་། ཁོས་ཟླ་རྗེས་མའི་ཚེས་ ༢ ཉིན་ཧོང་ཀོང་གི་སྡུར་ཚོང་ཚོགས་པ་སཱོ་ཐཱི་བྷ་ ( Sotheby ) བརྒྱུད་དེ་རིན་སྤར་ཚོང་སྒྱུར་སྟེང་འགྲེམ་སྟོན་བྱ་རྒྱུ་ཡིན་འདུག

སྒྱུ་རྩལ་པ་ཨན་ཌི་ཝར་ཧོལ་ལགས་ཀྱིས་ ༡༩༧༢ ལོ་ནས་བཟུང་མའོ་ཙེ་ཏུང་གི་འདྲ་པར་སྣ་ཚོགས་སྣག་རིས་ཀྱིས་འབྲི་མགོ་བརྩམས་ཡོད་པ་དང་། སྐབས་དེར་རྒྱ་ནག་དང་ཨ་རིའི་བར་གྲང་དམག་གི་ཤུགས་རྐྱེན་འོག་ཁྱོད་ཤི་ང་གསོན་གྱི་དགྲ་ཁ་གཏད་ཆགས་ཡོད་ཀྱང་། ལོ་དེར་ཨ་རིའི་སྲིད་འཛིན་ཪཱི་ཆཱ་ཌ་ནཱེ་ཟཱོན་ (Richard Nixon) ལགས་རྒྱ་ནག་ལ་གཟིགས་སྐོར་གནང་སྟེ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཇེ་བཟང་དུ་ཕྱིན་ཡོད་པ་དང་། དེ་ནི་ལོ་རྒྱུས་ཐོག་ཨ་རིའི་སྲིད་འཛིན་གཞུང་འབྲེལ་ཐོག་རྒྱ་ནག་ལ་ཕེབས་པ་ཐོག་དང་པོ་དེ་ཆགས་ཡོད།

སྒྱུ་རྩལ་པ་ཨན་ཌི་ཝར་ཧོལ་ལགས་ཀྱི་པར་དེ་མའོ་ཙེ་ཏུང་གི་དེབ་ཆུང་དམར་པོའི་མདུན་ངོས་ཀྱི་རྒྱན་ཆ་གཙོ་བོ་དེ་ཡིན་ཞིང་། དེབ་དེ་ནི་སྐབས་དེའི་དམར་ཤོག་ཚོགས་པའི་མཚོན་རྟགས་ཤིག་དང་། དམར་ཤོག་སྲིད་བྱུས་ཁྱབ་བསྒྲགས་ཀྱི་ངོ་བོར་གྱུར་བའི་དཔེ་དེབ་ཅིག་ཀྱང་ཆགས་ཡོད། སྐབས་དེར་དེབ་ཆུང་དམར་པོ་དེ་གྲངས་ཀ་དུང་ཕྱུར་མང་པོ་ངོ་བཤུས་བརྒྱབ་སྟེ་རྒྱ་ནག་རྒྱལ་ཡོངས་སུ་བཀྲམས་ཡོད་ཅིང་། དེ་ནི་དུས་རབས་ཉི་ཤུ་བའི་ནང་གི་དཔར་བསྐྲུན་མང་ཤོས་ཀྱི་དཔེ་དེབ་ཅིག་ཆགས་ཡོད། རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གི་སྐབས་སུ་དེབ་ཆུང་དམར་པོ་དེ་མི་རེ་རེའི་ལག་པར་ངེས་པར་དུ་ཡོད་དགོས།

སྒྱུ་རྩལ་པ་ཨན་ཌི་ཝར་ཧོལ་ལགས་ཀྱིས་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་ནང་ཨ་རིའི་གློག་བརྙན་འཁྲབ་སྟོན་མ་གྲགས་ཆེན་མཱ་རེ་ལིན་མཱོན་རོ་ (Marilyn Monroe ) ལགས་དང་། གཞས་པ་གྲགས་ཆེན་ཨེལ་བཱི་སུ་པེ་སིལ་ཡི་   (Elvis Presley) ལགས་གཉིས་ཀྱི་པར་རིས་དབྱིབས་དང་ཆེ་ཆུང་གཅིག་པ་ཚོན་མདོག་མི་འདྲ་བའི་པར་རིས་མང་པོ་བྲིས་ཡོད་ལ། མའོ་ཙེ་ཏུང་གི་འདྲ་པར་ཡང་གྲངས་ ༢༠༠ ལྷག་བྲིས་ཡོད་འདུག

སྐུ་ཞབས་ཨན་ཌི་ཝར་ཧོལ་ལགས་ཀྱིས་མའོ་ཙེ་ཏུང་གི་འདྲ་པར་བདམས་པ་ནི། ཁྲོམ་རྭའི་ནང་རང་ཉིད་ཀྱི་སྒྱུ་རྩལ་མཐོར་འདེགས་གཏོང་བའི་ཐབས་ལམ་ཞིག་ཡིན། སྐབས་དེར་མའོ་ཙེ་ཏུང་ནི་རྒྱ་ནག་གི་གཙོ་འཛིན་ཡིན་སྟབས། མི་མང་ཁྲོད་ཁོང་ལ་གུས་ཞབས་ཞུ་མཁན་དང་འཇིགས་སྣང་བྱེད་མཁན་གཉིས་ཀ་ཡོད་ཀྱང་། ཁོས་འཛེམ་ཟོན་མེད་པར་དེང་རབས་སྒྱུ་རྩལ་གྱི་བརྗོད་གཞིར་བདམས་པ་ནི་མི་སུས་ཀྱང་ཡིད་ལ་དྲན་མི་སྲིད་པ་ཞིག་ཆགས་ཡོད།

སྐུ་ཞབས་ཨན་ཌི་ཝར་ཧོལ་ལགས་ཀྱི་མའོ་ཡི་སྒྱུ་རྩལ་པར་རིས་དེ་དག་རྒྱ་ནག་ནང་ཚོར་བ་རྣོ་བའི་བརྗོད་གཞི་ཞིག་ཡིན་ཡང་། ༢༠༡༣ ལོར་རྒྱ་ནག་ནང་སྒྱུ་རྩལ་འགྲེམ་སྟོན་ཞིག་གི་སྐབས་སུ་ཁོའི་སྒྱུ་རྩལ་རིག་གནས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་འགྲེམ་སྟོན་བྱས་པ་ནས་བཟུང་རྒྱ་ནག་ནང་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད། ཕྱིས་སུ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཨན་ཌི་ཝར་ཧོལ་གྱི་སྒྱུ་རྩལ་པར་རིས་དེ་དག་གིས་དོན་དངོས་སུ་གུས་ཞབས་མཚོན་གྱི་ཡོད་དམ། ཡང་ན། འཕྱ་དམོད་བྱེད་པ་མཚོན་གྱི་ཡོད་ཅེས་དོགས་སློང་མང་པོ་བྱུང་ཡོད།

དེང་སྐབས་འཛམ་གླིང་ཐོག་སྒྱུ་རྩལ་བརྩམས་ཆོས་རིགས་ཉོ་མཁན་བརྒྱ་ཆ་ ༢༠ ཙམ་རྒྱ་ནག་གི་ཚོང་པ་ཚོ་ཆགས་ཡོད་པ་དང་། ཁོང་ཚོས་ནུབ་ཕྱོགས་པའི་སྒྱུ་རྩལ་བརྩམས་ཆོས་རིགས་ལ་རིན་གོང་མཐོན་པོ་སྤྲད་དེ་ཉོ་བཞིན་ཡོད། དེང་སྐབས་རྒྱ་ནག་གི་འཛའ་ཐང་མར་ཆག་སྟེ་མ་དངུལ་ཐོག་དམ་དྲག་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་ཁྲོམ་རྭའི་སྒྱུ་རྩལ་བརྩམས་ཆོས་རིགས་ཀྱི་ཐོག་མ་རྩ་འཛུགས་བཞིན་པ་མཚམས་འཇོག་བྱས་མེད་ལ། སྐུ་ཞབས་ཨན་ཌི་ཝར་ཧོལ་ལགས་ཀྱི་མའོ་ཙེ་ཏུང་གི་སྒྱུ་རྩལ་པར་རིས་དེ་དག་ཀྱང་། རྒྱལ་སྤྱིའི་ཁྲོམ་རྭའི་མ་རྐང་བརྒྱུད་དེ་རྒྱ་ནག་ནང་ཁྱབ་བཞིན་ཡོད།

བསྐྱར་བཅོས།: ༢༠༡༧/༠༣/༢༥

Leave a Reply