མཱ་ལེ་ཤི་ཡ་དང་བྱང་ཀོ་རི་ཡའི་འབྲེལ་བ་ཛ་དྲག་ཆགས།

ཉེ་ལམ་བྱང་ཀོ་རི་ཡའི་ཀེམ་ཇོང་ནཱམ་མཱ་ལེ་ཤི་ཡའི་གནམ་ཐང་ནས་ལྐོག་གསོ་ཐེབས་རྗེས་བྱང་ཀོ་རི་ཡ་དང་མཱ་ལེ་ཤི་ཡའི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་ཕྱོགས་གཉིས་མི་སེར་བཀག་སྡོམ་བྱས་པའི་བྷི་བྷི་སིའི་གནས་ཚུལ་འདིར་བཀོད་ཡོད།

བྱང་ཀོ་རི་ཡས་ཀེམ་ཇོང་ནཱམ་ལྐོག་གསོད་ཀྱི་རྩོད་རྙོག་འོག་དེ་རིང་རྒྱལ་ཁབ་དེའི་ནང་ཡོད་པའི་མཱ་ལེ་ཤི་ཡའི་མི་སེར་མང་པོ་ཞིག་བཀག་སྡོམ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག་ལ། གནད་དོན་དེའི་ཐད་མཱ་ལི་ཤི་ཡའི་གཞུང་གིས་ཀྱང་བྱང་ཀོ་རི་ཡའི་གཞུང་ཚབ་མི་སྣ་བཀག་སྡོམ་མི་བྱེད་ཐབས་མེད་ཆགས་སོང་སྐོར་བརྡ་ལན་སྤྲད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༡༣ ཉིན་མཱ་ལེ་ཤི་ཡའི་གནམ་ཐང་དུ་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཇོང་ཨཱན་གྱི་ཕ་གཅིག་པའི་ཕུ་བོ་ཁེམ་ཇོང་ནཱམ་(Kim Jong-nam)བུད་མེད་གཉིས་ཀྱིས་ལྐོག་གསོད་བྱས་ཡོད་པ་དང་། ཀེམ་ཇོང་ནཱམ་ལྐོག་གསོད་དོན་རྐྱེན་དེས་མ་ལེ་ཤི་ཡ་དང་བྱང་ཀོ་རི་ཡའི་འབྲེལ་ལམ་ཧ་ཅང་ཛ་དྲག་གི་གནས་སུ་གྱར་ཡོད།

མཱ་ལེ་ཤི་ཡའི་རྫས་གྱུར་བརྟག་དཔྱད་ཁང་གིས་ཞིབ་འཇུག་བྱས་པ་བརྒྱུད་དེ། ཀེམ་ཇོང་ནཱམ་ལ་བཱེ་ཨེ་ཁུ་སི་ (VX Nerve Agent )ཞེས་པའི་དུག་རྫས་བེད་སྤྱོད་བཏང་སྟེ་བསད་ཡོད་པ་ར་སྤྲོད་བྱུང་ཡོད་འདུག དེ་ནི་ཚོན་མདོག་དང་དྲི་མ་སོགས་མེད་པའི་གཤེར་གཟུགས་ཀྱི་དུག་ཆུ་ནུས་ལྡན་ཞིག་ཡིན་པ་དང་། དུག་ཆུ་འདི་ལུས་སྟེང་དུ་འབྱུག་མ་ཐག་ཐད་ཀར་ཤ་གསེང་བརྒྱུད་དེ་ལུས་ཀྱི་རྩ་ཕྲན་ཡོངས་ལ་ཁྱབ་པ་དང་། དུག་ཆུ་ཐིགས་པ་གཅིག་གིས་མི་ཞིག་སྐར་མ་གཅིག་ནང་གསོད་ཐུབ་ཀྱི་ཡོད་འདུག

མཱ་ལེ་ཤི་ཡའི་ཉེན་རྟོག་མགོ་བ་སྐུ་ཞབས་ཨཱ་བྷོ་ལགས་ཀྱིས་དུག་རྫས་དེ་ནི་རྒྱལ་སྤྱིའི་ཁྲོམ་རྭའི་ནང་བཀག་སྡོམ་བྱས་ཡོད་སྟབས། མཱ་ལེ་ཤི་ཡའི་ནང་ག་འདྲ་བྱས་ཏེ་ཡོང་བའི་བརྒྱུད་རིམ་ལ་ང་ཚོས་བརྟག་དཔྱད་གཏོང་གི་ཡོད་ཅེས་བརྗོད་འདུག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་རྫས་གྱུར་ལྷན་ཚོགས་ཀྱིས་དུག་ཆུ་དེ་ ༡༩༩༣ ལོར་བཀག་སྡོམ་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དོན་ཚན་ ༦༨༧ པའི་ནང་དུག་ཆུ་དེར་གཞི་རྒྱ་ཆེ་བའི་གཏོར་བཤིག་གཏོང་ཐུབ་པའི་ནུས་པ་ཡོད་ཚུལ་འཁོད་ཡོད།

ད་སྔ་མཱ་ལེ་ཤི་ཡའི་གཞུང་གིས་ཧིན་རྡུ་ཉེ་ཤི་ཡ་དང་ཝེ་ཐི་ནཱམ་གྱི་བུད་མེད་གཉིས་ལྐོག་གསོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། དེ་སྔ་འཛིན་བཟུང་བྱས་ཡོད་པའི་བྱང་ཀོ་རི་ཡའི་དོགས་ཡོད་ཉེས་ཅན་ཞིག་ལ་ནག་ཉེས་དཔང་རྟགས་གང་ཡང་མ་རག་སྟབས་བདུན་ཕྲག་སྔོན་མའི་ནང་ཀློད་གྲོལ་བཏང་ཡོད།

ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་སྐུ་ཞབས་ཨཱ་བྷོ་ལགས་ཀྱིས་བྱང་ཀོ་རི་ཡའི་གཞུང་ཚབ་ཁང་དུ་དོགས་ཡོད་ཉེས་ཅན་གཉིས་སྦེད་སྐོང་བྱས་ཡོད་པ་ང་ཚོས་ཤེས་ཡོད་ཅེས་བརྗོད་ཡོད་པ་མ་ཟད། ཁོས་ད་དུང་ “ང་ཚོས་གཞུང་ཚབ་ཁང་གི་ཕྱི་ལོགས་ནས་ལོ་ལྔ་བསྒུག་དགོས་ཀྱང་བསྒུག་རྒྱུ་ཡིན། ནམ་ཞིག་ཁོ་ཚོ་ཕྱི་ལ་ཐོན་ཡོང་གི་རེད་” ཅེས་ས་གནས་གསར་འགོད་པ་ཚོར་བརྗོད་འདུག

མཱ་ལེ་ཤི་ཡའི་གཞུང་གིས་ཀེམ་ཇོང་ནཱམ་ལྐོག་གསོད་བྱེད་མཁན་བྱང་ཀོ་རི་ཡ་ཡིན་པ་ཐད་ཀར་བརྗོད་མེད་ཀྱང་། བྱང་ཀོ་རི་ཡ་དང་འབྲེལ་བ་ཡོད་པའི་དོགས་པ་ཟ་བཞིན་ཡོད། འོན་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་ཁོང་ཚོ་དོན་རྐྱེན་དེར་འབྲེལ་བ་མེད་སྐོར་བརྗོད་ཡོད་པ་མ་ཟད། མཱ་ལེ་ཤི་ཡའི་གཞུང་གིས་ཀེམ་ཇོང་ནཱམ་གྱི་ཕུང་བོར་བརྟག་དཔྱད་ཡག་པོ་མ་བཏང་བར་ང་ཚོ་དགྲ་བོ་བཞིན་རྩེད་མོ་རྩེད་སོང་ཞེས་སྐྱོན་བརྗོད་བྱས་ཡོད།

ཉེ་བའི་བདུན་ཕྲག་གཉིས་རིང་རྒྱལ་ཁབ་འདི་གཉིས་ཀྱིས་ཀེམ་ཇོང་ནཱམ་གྱི་ལྐོག་གསོད་དོན་རྐྱེན་དང་ཕུང་བོའི་བདག་དབང་སོགས་ཀྱི་ཐད་རྩོད་གླེང་བྱས་ཏེ། ད་ལྟ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད། རྒྱལ་ཁབ་ཕྱོགས་གཉིས་ཀས་ཕན་ཚུན་གྱི་གཞུང་ཚབ་པ་རེ་ཕྱིར་འཕུད་བཏང་ཡོད་པ་མ་ཟད། དེ་རིང་སྔ་དྲོར་བྱང་ཀོ་རི་ཡའི་གཞུང་གིས་རྒྱལ་ཁབ་དེའི་ནང་ཡོད་པའི་མཱ་ལེ་ཤི་ཡའི་མི་སེར་རྣམས་གནས་སྐབས་རིང་བཀག་སྡོམ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད།

བྱང་ཀོ་རི་ཡའི་མངའ་སྡེའི་གསར་ཁང་ (KCNA)ཞེས་པའི་གནས་ཚུལ་སྤེལ་བ་ལྟར་ན། མཱ་ལེ་ཤི་ཡའི་ནང་བྱུང་བའི་དོན་རྐྱེན་དེ་ཁ་གསལ་མ་ཆགས་བར་མཱ་ལེ་ཤི་ཡའི་མི་སེར་རྣམས་ཕྱིར་ལོག་གཏོང་རྩིས་མེད་ཀྱང་། ཁོ་ཚོའི་འཚོ་བའི་གནས་སྟངས་རྒྱུན་ལྡན་ལྟར་ཡིན་སྐོར་བརྗོད་འདུག

མཱ་ལེ་ཤི་ཡའི་སྲིད་བློན་གཞོན་པ་ཨེ་མ་ཌི་རྫ་ཧི་ཌི་ (Ahmad Zahid Hamidi)ལགས་ཀྱིས་ཀྱང་བྱང་ཀོ་རི་ཡའི་གཞུང་ཚབ་པ་དང་དེའི་ལས་བྱེད་རྣམས་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག ཁོས་བརྗོད་དོན། “ང་ཚོས་འདི་འདྲ་ཞིག་རྩ་བ་ནས་བྱེད་འདོད་མེད་ཀྱང་ད་ལྟ་མི་བྱེད་ཐབས་མེད་ཆགས་སོང་” ཞེས་དང་། “བྱང་ཀོ་རི་ཡས་ཀེམ་ཇོང་ནཱམ་གྱི་ལག་དམར་ཁོ་ཚོ་མིན་པའི་གཡོ་བྱུས་ག་འདྲ་འཐེན་ན་ང་ཚོས་དེ་ལྟར་གོམ་པ་སྤོ་རྒྱུ་ཡིན་ ”ཞེས་བརྗོད་འདུག

བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་ཕུང་བོ་དེ་ཀེམ་ཇོང་ནཱམ་ཡིན་མིན་གཏན་ཁེལ་མེད་པ་དང་། ཀེམ་ཇོང་ནཱམ་གྱིས་ཕྱི་སྐྱོད་ལག་ཁྱེར་གཞན་ཞིག་བེད་སྤྱོད་གཏོང་གི་ཡོད་པའི་དོགས་གཞི་བྱེད་ཀྱིན་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༣/༡༠

Leave a Reply