མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧོང་ཀོང་རང་བཙན་གླེང་།

ཉིན་འདི་གར་ཚོགས་བཞིན་པའི་རྒྱ་ནག་དམངས་ཆེན་ཚོགས་འདུ་མགོ་འཛུགས་སྟེང་། སྲིད་བློན་ལི་ཁེ་ཆང་གིས་ཧོང་ཀོང་གི་རང་བཙན་འཐབ་རྩོད་ལ་སྐྱོན་བརྗོད་བྱས་པའི་སི་ཨན་ཨན་གྱི་གསར་འགྱུར་ཞིག་བོད་སྒྱུར་བྱས་ཡོད།

ཁ་སང་རྒྱ་ནག་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་བའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིན་དུ་ཚོགས་ཡོད་པ་དང་། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆིང་གིས་ཚོགས་འདུ་དབུ་འཛུགས་མཛད་སྒོར་གཏམ་བཤད་སྤེལ་སྐབས། བརྗོད་གཞི་འདྲ་མིན་གླེང་པའི་ཁྲོད་ “ཧོང་ཀོང་གི་རང་བཙན་” ཞེས་བའི་ཚིག་འདི་བེད་སྤྱོད་བཏང་ཡོད་ཅིང་། དེ་ནི་པེ་ཅིན་མི་མང་ཚོགས་ཁང་ཆེན་མོའི་ནང་ཧོང་ཀོང་རང་བཙན་གླེང་བ་ཐོག་མ་དེ་ཡིན་འདུག

ལི་ཁེ་ཆིང་གིས་ “ཧོང་ཀོང་ནང་གི་མི་ཁ་ཤས་ཀྱིས་རང་བཙན་དགོས་པའི་སྐད་འབོད་བརྒྱབ་པ་དེས་ཧོང་ཀོང་གང་ལའང་ཁྲིད་ཐུབ་པ་མ་རེད་” ཅེས་དང་།  “ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་ཁྲིམས་གཞི་རྩར་བཟུང་བའི་ཐོག་ནས་ཧོང་ཀོང་ཁྲིམས་ལུགས་དང་ཆབ་སྲིད་གཉིས་ཀྱིས་འཛིན་སྐྱོང་བྱེད་རྒྱུ་ཡིན།”ཞེས་སོགས་བརྗོད་འདུག

རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་ནི། ༡༩༩༧ ལོར་དབྱིན་ཇུ་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། གཏན་འབེབས་བྱས་པའི་རང་དབང་ཚད་ངེས་ཅན་ཡོད་པའི་སྲིད་བྱུས་ལ་ཟེར་བ་ཡིན།

ལི་ཁེ་ཆང་གིས་ “ཧོང་ཀོང་དང་མཱ་ཁོ་རང་སྲིད་རང་སྐྱོང་གིས་འཛིན་སྐྱོང་སྤེལ་གསུལ་བྱེད་པར་ང་ཚོས་རྒྱབ་སྐྱོར་ཆ་ཚང་བྱེད་ཀྱི་ཡོད་པའི་ཁར། ས་གནས་གཞུང་དེ་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་དང་དམངས་གཙོ་གོང་འཕེལ། སྤྱི་ཚོགས་འཆམ་མཐུན། མི་མང་གི་འཚོ་བ་ཡར་རྒྱས་སོགས་འགྲོ་བའི་རེ་བ་ཡོད་” ཅེས་བརྗོད་འདུག མཱ་ཁོ་ནི་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཧོང་ཀོང་ཉེ་འགྲམ་གྱི་གླིང་ཕྲན་ཆུང་ཆུང་ཞིག་ཡིན།

ད་དུང་སྲིད་བློན་ལི་ཁེ་ཆང་གིས་ཐེ་ཝན་སྐོར་བཤད་སྐབས་ཐེ་ཝན་རང་བཙན་འཐབ་རྩོད་པ་ཚོའི་ཐོག་སྐྱོན་བརྗོད་ཆེན་པོ་བྱས་ཡོད། རྒྱ་ནག་གཞུང་གིས་ཐེ་ཝན་ནི་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། ཐེ་ཝན་ ༡༩༤༩ ལོ་ནས་རང་བཙན་གྱི་རྒྱལ་ཁབ་ཞིག་ཆགས་ནས་བསྡད་ཡོད་པ་རེད།

ལི་ཁེ་ཆང་གིས་བརྗོད་དོན། “ང་ཚོས་བློ་རྩ་བརྟན་པོས་ཐེ་ཝན་གྱི་རང་བཙན་ལ་ཁ་གཏད་བཅག་སྟེ། ཐེ་ཝན་གྱི་རང་བཙན་འཐབ་རྩོད་པ་དང་ཁ་བྲལ་བ་ཚོ་རྩ་མེད་བཟོ་རྒྱུ་ཡིན་”ཞེས་དང་།  “ཚོགས་སྒེར་སུ་འདྲ་ཞིག་ཡིན་ཡང་། ཐེ་ཝན་རྒྱ་ནག་གི་ཁྱིམ་ཚང་ཆེན་ལས་ཁ་བྲལ་གཏོང་ཐབས་ཀྱི་ལས་འགུལ་སྤེལ་ན། དེ་ནི་ང་ཚོས་རྩ་བ་ནས་རང་གར་འཇོག་ཐབས་མེད་” ཅེས་བརྗོད་འདུག

ཧོང་ཀོང་གི་མང་ཚོགས་མང་པོ་ཞིག་གིས་རྒྱ་ནག་གི་གནོན་ཤུགས་འོག་ནས་འདུག་འདོད་མེད་པར། ༢༠༡༤ ལོར་ཧོང་ཀོང་ནང་ཉི་གདུགས་གསར་བརྗེའི་ལས་འགུལ་སྤེལ་ཏེ་ངོ་རྒོལ་བྱས་ཡོད། སྐབས་དེར་ལས་འགུལ་བ་ཚོས་ཉིན་ ༧༩ རིང་ཧོང་ཀོང་གྲོང་ཁྱེར་ལྟེ་བ་བཟུང་སྟེ། པེ་ཅིན་གྱི་ཐེ་གཏོགས་གང་ཡང་མེད་པར་འཛམ་གླིང་ཡོངས་ཁྱབ་ཐོག་ཧོང་ཀོང་མི་མང་ལ་མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་དགོས་ཞེས་སྐད་འབོད་བརྒྱབ་ཡོད། སྐབས་དེར་སྲིད་གཞུང་གི་ཉེན་རྟོག་པས་ལས་འགུལ་བ་མང་པོ་འཛིན་བཟུང་དང་། ཐབས་ལམ་འདྲ་མིན་བརྒྱུད་དེ་ཟིང་ཆ་ཞི་འཇགས་བཟོ་ཐབས་བྱས་ཡོད།

སྐབས་དེ་ནས་བཟུང་ཧོང་ཀོང་གི་རང་བཙན་འཐབ་རྩོད་པ་དང་། རང་སྲིད་རང་སྐྱོང་རྩོད་མཁན་ཚོར་བཟའ་བཏུང་གི་རང་དབང་ཙམ་ལས་མེད་པ་ཆགས་ཤིང་། གྲོས་ཚོགས་འོས་བསྡུའི་སྐབས་རང་བཙན་འཐབ་རྩོད་པ་ཚོ་འོས་མིར་ལངས་མི་ཆོག་བཟོས་ཡོད། ད་དུང་རང་བཙན་འཐབ་རྩོད་པ་གཉིས་ཀྱིས་གྲོས་ཚོགས་ནང་གི་དམ་འབུལ་སྐབས། ཧོང་ཀོང་ལ་རང་བཙན་དགོས་པའི་སྐད་འབོད་བྱས་སྟབས་ཁོ་གཉིས་ལས་གནས་ནས་ཕྱིར་འཕུད་བ་མ་ཟད། མ་འོངས་པར་ཡང་གྲོས་ཚོགས་འཐུས་མི་བྱེད་མི་ཆོག་པའི་ཉེས་ཆད་བཅད་ཡོད།

རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཤུགས་ཆེ་རུ་ཕྱིན་པར་བརྟེན་ཏེ།  ཧོང་ཀོང་བ་ཚོས་རྒྱ་ནག་གཞུང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་དེ་ཚིག་སྟོང་པ་ཙམ་ལས། ལག་ལེན་མེད་པའི་སྲིད་བྱུས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། པེ་ཅིན་གྱི་འོག་དུ་རང་སྲིད་རང་སྐྱོང་ཡིན་པའི་ཧོང་ཀོང་དང་མཱ་ཁོ། ཡང་ན། རང་དབང་ཅན་གྱི་ཐེ་ཝན་སོགས་ཀྱིས་རང་བཙན་སྐོར་གྱི་སྐད་ཆ་ཟུར་ཙམ་གླེང་མ་ཐག་རྒྱ་ནག་གཞུང་ཁོ་ཁྲོང་ཆེན་པོས་མཐའ་གཅིག་ཏུ་ཡ་ལན་སློག་གིན་ཡོད།

རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གིས་བོད་དང་ཡུ་གུར། ཧོང་ཀོང་། ཐེ་ཝན་སོགས་ཀྱི་ཁ་བྲལ་རིང་ལུགས་པ་ཚོ་དང་། སྲིད་གཞུང་ལ་རྒྱབ་འགལ་བྱེད་མཁན་ཁྲིམས་རྩོད་པ་སོགས་ཀྱིས་རང་སྲོག་ལ་མ་འཛེམས་པར་རྒྱ་ནག་ནང་ཁུལ་གྱི་ཞི་བདེ་དང་མཐུན་ལམ་ལ་གཏོར་བཤིག་གཏོང་གི་ཡོད་སྟབས། ང་ཚོས་དོན་རྐྱེན་འདི་དག་གི་རྒྱབ་ཏུ་སྐོང་ཡོད་པའི་ཉེས་ཅན་པ་ཚོ་ངོས་འཛིན་གསལ་པོ་བྱས་ཡོད་ཅེས་སོགས་བརྗོད་འདུག

རྒྱ་ནག་དབུས་ཆབ་སྲིད་ལམ་སྟོན་ཚོགས་པའི་སྐུ་ཞབས་ཏྲམ་ཡོ་ལགས་ཀྱིས་རྒྱ་ནག་ལྷོ་རྒྱུད་གསར་ཁང་ལ། ཐེངས་འདིར་ལི་ཁེ་ཆང་གིས་ཧོང་ཀོང་གི་རང་བཙན་གླེང་བ་དེས་པེ་ཅིན་ལ་དཀའ་ངལ་ཆེན་པོ་ཞིག་ཆགས་ཡོད་པ་མཚོན་ཐུབ། ཅེས་དང་། དཀའ་ངལ་འདི་ནི་ཧ་ཅང་ཚབས་ཆེན་གྱི་ངོ་བོར་འཕེལ་རྒྱས་འགྲོ་བཞིན་ཡོད་སྟབས། རྒྱ་ནག་དབུས་གཞུང་གིས་དཀའ་ངལ་འདི་ལ་བཟོད་བསྲན་བྱེད་ཐུབ་ཀྱི་ཡོད་པ་མ་རེད་ཅེས་སོགས་བརྗོད་འདུག

མི་མང་པོ་ཞིག་གིས་ཧོང་ཀོང་སྤྱི་ཁྱབ་ནི་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་འོས་བསྡུ་ལྷན་ཚོགས་ཀྱིས་འདེམ་སྒྲུག་བྱེད་ཀྱིན་ཡོད་སྟབས། དམངས་གཙོ་དང་རང་བཙན་འཐབ་རྩོད་པ་ཚོར་དཀའ་ངལ་ཆེན་པོ་བཟོ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད། ཟླ་འདིའི་ཚེས་ ༢༦ ཉིན་ཧོང་ཀོང་སྤྱི་ཁྱབ་འོས་འདེམས་བྱེད་བཞིན་ཡོད་པ་དང་། ཧོང་ཀོང་སྤྱི་ཁྱབ་དེ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་སྟངས་འཛིན་དང་དཔལ་འབྱོར་མཁོ་སྒྲུབ་ཐད་མེད་དུ་མི་རུང་བ་ཞིག་ཡིན་སྟབས། ཧོང་ཀོང་སྤྱི་ཁྱབ་འདེམ་ལ་ཉེ་བ་དང་བསྟུན་ཏེ་རྒྱ་ནག་གཞུང་གིས་སྒྲིག་ཁྲིམས་དམ་པོ་བྱས་ཏེ། མ་འོངས་པའི་ཧོང་ཀོང་སྤྱི་ཁྱབ་དེ་རྒྱ་ནག་གཞུང་གི་འདོད་ཐོག་ཏུ་འགྲོ་བའི་མི་ཞིག་བསླེབ་ཐུབ་ལ་འབད་བརྩོན་བྱེད་བཞིན་ཡོད།

བསྐྱར་བཅོས།: ༢༠༡༧/༠༣/༠༧

Leave a Reply