གནམ་མཚོ་ཕྱུག་མོའི་ནང་མི་འགའ་གར་སོང་ཆ་མེད་དུ་གྱུར།

ཉེ་སྔོན་ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ཁོངས་ཀྱི་ཕྱུགས་རྫི་ ༥ གནམ་མཚོ་ཕྱུག་མོའི་འཁྱག་རོམ་རྡིབ་སྐྱོན་ཁྲོད་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་རེད།

བོད་ནང་ནས་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན། ནག་ཆུ་ས་ཁུལ་དཔལ་མགོན་རྫོང་ཕྱིང་ལུང་ཡུལ་ཚོའི་འབྲོག་པ་ཕྱུགས་རྫི་ ༧ གནམ་མཚོ་ཕྱུག་མོའི་གླང་མདོ་གླིང་ཕྲན་དུ་ཕྱུགས་འཚོ་བར་ཕྱིན་སྐབས། གླིང་ཕྲན་འགྲམ་གྱི་འཁྱག་རོམ་ལ་རྡིབ་སྐྱོན་བྱུང་ཡོད་པ་དང་། གནས་ཚུལ་བྱུང་རྗེས་ཐད་འཕུར་གནམ་གྲུ་གཉིས་བཏང་སྟེ་ས་གནས་མང་ཚོགས་དང་དམག་མི། ཉེན་རྟོག་པ་སོགས་མི་གྲངས་ ༡༥༥ ཙམ་གྱིས་གྲུབ་པའི་རོགས་སྐྱོབ་རུ་ཁག་ཅིག་གིས་ཡུན་རིང་བཙལ་རྗེས། ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་མཚན་མོར་གླང་མདོ་གླིང་ཕྲན་ནས་མི་གཉིས་བརྙེད་ཡོད་པ་དང་། མཚོ་ངོས་ཀྱི་འཁྱག་རོམ་ཐོག་ལུས་པའི་ཕྱུགས་རྫི་ ༥ གར་ཡོད་ཅི་བྱུང་མེད་པར་གྱུར་ཏེ་མུ་མཐུད་དུ་འཚོལ་བཞིན་ཡོད་འདུག

གནམ་མཚོ་ཕྱུག་མོ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཡོད་པའི་འདམ་གཞུང་དང་ནག་ཆུའི་དཔལ་མགོན་རྫོང་གཉིས་བར་གྱི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་ ༤༧༠༠ ལྷག་ཙམ་ཡོད་པའི་མཐོ་སྒང་དུ་ཆགས་ཡོད་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༡༩༢༠ ཙམ་ཡོད་པའི་ཚྭ་མཚོ་ཆེན་པོ་དེ་བོད་མཐོ་སྒང་གི་དྭངས་ཤིང་གཙང་བའི་རང་བྱུང་ཁམས་ཀྱི་མཛེས་སྡུག་མངོན་པར་བཞད་པའི་ཡུལ་སྐོར་གྱི་ལྟེ་བ་ཞིག་ཏུ་གྱུར་ཡོད་ལ། མ་ཕམ་གཡུ་མཚོ་དང་ཡར་འབྲོག་གཡུ་མཚོ། མཚོ་སྔོན་པོ། གནམ་མཚོ་ཕྱུག་མོ་བཅས་ལ་བོད་ཀྱི་མཚོ་ཆེན་བཞི་ཞེས་འབོད་སྲོལ་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “གནམ་མཚོ་ཕྱུག་མོའི་ནང་མི་འགའ་གར་སོང་ཆ་མེད་དུ་གྱུར།