མིང་དོན་མཚུངས་པའི་སྤྱི་ཚོགས་རིང་ལུགས་ཤིག་ཡོང་དགོས་ན་གཞན་ཕན་དང་བྱམས་བརྩེ་ལ་བརྟེན་དགོས།

༧གོང་ས་མཆོག་གིས་ “ལམ་ལུགས་ཅི་འདྲ་བཟང་ཡང་ལམ་ལུགས་དེའི་ནང་ལས་ཀ་བྱེད་མཁན་ཚོའི་བསམ་བློའི་ནང་ཡ་རབས་ཀྱི་བསམ་བློ་མེད་ན་དེས་ཕན་གྱི་ཡོད་པ་མ་རེད། དེར་བརྟེན་སེམས་ཁམས་རིག་པ་དང་འབྲེལ་ཏེ་ནང་བསམ་བློ་དེ་བྱམས་སེམས་ལྡན་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད།” ཅེས་གསུངས།

དེ་རིང་སྔ་དྲོར་དྷ་ས་གཙུག་ལག་ཁང་ཏུ། ༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་བའི་ཉིན་གཉིས་པར། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་དགེ་སློབ་ཁག་ཅིག་གིས་རིག་ལམ་དགག་བཞག་སྤྱན་འབུལ་ཞུས་རྗེས། ༧གོང་ས་མཆོག་གིས་གསུང་ཆོས་དབུ་འཛུགས་གནང་སྟེ། བོད་པ་ཚོས་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་པ་ཙམ་མིན་པར་མུ་མཐུད་ཡར་རྒྱས་སུ་གཏོང་དགོས་པའི་སྐོར་གསུངས་དོན། བོད་གངས་ཅན་ལྗོངས་སུ་ཡོད་པའི་རིག་གཞུང་སྤྱི་དང་ལྷག་པར་དུ་ཚད་མ་རིག་པའི་ཐོག་ནས་གཏན་ལ་ཕབ་པའི་དཔལ་ཎ་ལན་ཊའི་ཆོས་བརྒྱུད་དེ་འཛམ་བུ་གླིང་འདིའི་སྒང་ལ་ཏན་ཏན་ཕན་ཐོགས་ཡོང་བའི་ཆ་རྐྱེན་ཞིག་ཏུ་མཐོང་གི་འདུག དེར་བརྟེན། ང་ཚོས་དེ་ལ་འབད་བརྩོན་བྱེད་དགོས་པ་རེད། གང་ཡིན་ཟེར་ན། ད་ལྟ་ང་ཚོ་འདིར་ཞི་བདེ་བག་ཕེབས་ཀྱིས་སྡོད་ཀྱི་ཡོད་ཀྱང་། འཛམ་བུ་གླིང་འདིའི་སྒང་ང་ཚོ་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་མི་སྟོང་ཕྲག་མང་པོ་དོན་མེད་ལ་གསོད་ཀྱི་ཡོད་པ་དང་། མི་ས་ཡ་མང་པོ་མུ་གེར་ཤི་བའི་ཉེན་ཁར་ལྷུང་ཡོད་པ་རེད། དེ་སྐྱོ་བོ་ཞེ་དྲགས་རེད། མི་ཡིས་མི་གསོད་པ་དང་མི་ཡིས་མི་ལ་ཐུབ་ཚོད་གཏོང་བ། གཞན་ཕོངས་པར་བྱེད་པའི་དཀའ་ངལ་སེལ་ཐབས་གཙོ་བོ་བྱམས་བརྩེ་ཡིན་པ་དང་། བྱམས་བརྩེ་ལ་བརྟེན་ཏེ་མི་ཡིས་མི་གསོད་པ་དང་བརྩེ་མེད་སྡུག་གསོད་གཏོང་བ་དེ་ཏན་ཏན་ཉུང་དུ་གཏོང་ཐུབ་པ་རེད། རྒྱ་གར་ནང་ལ་ཆ་བཞག་ནའང་ལྐོག་ཟ་རུལ་སུངས་བྱེད་པ་དང་། རིགས་རུས་དབྱེ་འབྱེད་བྱེད་པ་སོགས་ཀྱི་ཐོག་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། མིའི་སྤྱི་ཚོགས་ཟེར་བ་དེ་མི་གཅིག་གི་གོམས་གཤིས་དང་རྣམ་འགྱུར་སྟོན་སྟངས་ཀྱི་ཐོག་ནས་རོགས་པ་ཚོར་ཏན་ཏན་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད།

ཕྱིའི་རྒྱལ་ཁབ་ཁག་དང་རྒྱ་གར་ནང་བོད་མི་འབུམ་གཉིས་མ་ཟིན་ཙམ་ཡོད་པ་དང་། ང་རང་ཚོར་ཕ་མེས་ནས་ཡོད་པའི་སེམས་པ་བཟང་པོའི་གོམས་གཤིས་ཡག་པོ་ཞིག་ཡོད་པ་དེ་ག་ལེར་སྤྱི་ཚོགས་གཞན་ནང་སྤེལ་ཐུབ་པ་བྱུང་ན། དེས་ཕན་ཐོགས་ཤིག་ཏན་ཏན་ཡོང་གི་རེད། ང་ཚོ་བཙན་བྱོལ་དུ་བསླེབས་རྗེས་ཀྱི་ལས་འགན་གཙོ་བོ་དེ་ང་རང་ཚོར་ཡོད་པའི་སྐད་ཡིག་རིག་གཞུང་དེར་བདག་པོ་ཡག་པོ་བརྒྱབ་སྟེ། སོ་སོའི་སྐད་ཡིག་རིག་གཞུང་དེ་མི་ཉམ་རྒྱུན་འཛིན་ཐུབ་དགོས་སྟབས། བཙན་བྱོལ་ནང་གི་སློབ་གྲྭ་ཁག་རིམ་པས་བཙུགས་པ་རེད། ང་ཚོར་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ཟིན་པ་དང་། སོ་སོའི་ཆོས་དང་རིག་གཞུང་བཟང་པོ་རྒྱུན་འཛིན་ཐུབ་དགོས་པ་རེད། ད་ལྟའི་བར་བཙན་བྱོལ་ནང་སོ་སོའི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱས་པ་དེ་ཙམ་གྱིས་མི་འདང་བར་མུ་མཐུད་དུ་ཡར་རྒྱས་གཏོང་དགོས་པ་དང་། ང་ཚོའི་དམིགས་ཡུལ་དང་རེ་བ་ལྟར་འགྲུབ་ཐུབ་པ་བྱེད་རྒྱུ་གལ་ཆེན་པ་རེད། ཅེས་སོགས་གསུངས་སོང་།

༧གོང་ས་མཆོག་གིས་སེམས་རྒྱུད་ན་གཞན་ཕན་དང་བྱམས་བརྩེ་མེད་པའི་མིས་གཞན་ལ་ཕན་ཐོགས་རྒྱུ་དཀའ་མོ་ཡིན་སྐོར་གསུངས་དོན། ནང་དོན་རིག་པ་ཞེས་པ་དེ་སེམས་ལ་བཟོ་བཅོས་རྒྱག་རྒྱུ་དང་། ནང་ཆོས་ཀྱི་ལྟ་གྲུབ་ཐོག་ནས་གཙོ་བོ་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་མིའི་བསམ་བློར་བསྒྱུར་བཅོས་གཏོང་རྒྱུ་དེ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་ཞིག་ཡིན་པ་དང་། མིའི་བསམ་བློར་བསྒྱུར་བཅོས་གཏོང་བ་དེ་ཡང་མ་ཤེས་པ་ཤེས་པར་བྱེད་རྒྱུ་གཅིག་པུ་མིན་པར་སེམས་མ་སྐྱིད་པ་དེ་ཉུང་དུ་གཏོང་རྒྱུ་དང་། སེམས་ཞི་ལྷོད་བཟོ་བ་དང་། གནས་ཚུལ་ཚང་མ་ཞིབ་ཚགས་པོའི་ཐོག་ནས་ཤེས་པར་བྱས་ཏེ། སེམས་ནང་གི་དངངས་སྐྲག་དང་སེམས་མི་སྐྱིད་པ་ཉུང་དུ་གཏོང་དགོས་པ་རེད། སེམས་ཁམས་རིག་པ་ཞེས་པ་དེ་མིའི་སེམས་འཁྲུགས་པ་སེལ་བའི་སྨན་ལྟར་ཆགས་ཀྱི་ཡོད་པ་དང་། གསོ་བ་རིག་པ་ཞེས་པ་དེ་ལུས་པོའི་འཕྲོད་བསྟན་སྐོར་བཤད་ཀྱི་ཡོད་པ་དང་། སེམས་ཁམས་རིག་པ་ཤེས་པའི་ཐོག་ནས་སེམས་འཁྲུགས་པ་དེ་ཉུང་དུ་བཏང་སྟེ། སེམས་ལ་སྙིང་སྟོབས་དང་བདེ་སྐྱིད་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ་རེད།

དེང་དུས་འཛམ་གླིང་ཁྱོན་འདིར་ཚན་རིག་དང་། འཕྲུལ་ཆས་དངོས་པོ་ཡར་རྒྱས་ཚད་མཐོར་ཕྱིན་ཏེ་འདི་སྣང་འདུ་འཛིའི་རྣམ་གཡེང་འཁྲུག་ཆའི་སྐབས་འདིར། ཞེས་པ་དེ་ཡང་ཚང་མས་མཁྱེན་གསལ་རེད། དཔེར་ན། རྒྱ་གར་དྷ་རམ་ས་ལར་ཆ་བཞག་ན་ ༡༩༦༠ ལོར་ང་ཚོ་འདིར་བསླེབས་དུས་གྲོང་གསེབ་ཆུང་ཆུང་ཞིག་མ་གཏོགས་ཡོད་པ་མ་རེད། འདས་པའི་ལོ་ངོ་ ༥༧ རིང་དྷ་རམ་ས་ལ་ཡར་རྒྱས་ཞེ་དྲགས་ཕྱིན་ཡོད་པ་རེད། ཡིན་ནའང་ཡར་རྒྱས་ཕྱིན་པ་དེས་སེམས་སྐྱིད་པོ་ཡོང་གི་ཡོད་མེད་ལ་རྩིས་རྒྱག་དགོས་པ་རེད། ཡུ་རོབ་དང་ཨ་རིར་ཆ་བཞག་ནའང་ཡར་རྒྱས་ཞེ་དྲགས་ཕྱིན་ཡོད་ཀྱང་། སེམས་སྐྱིད་པོ་ཡོང་བའི་ཐབས་ཤེས་ཡོད་པ་མ་རེད། དེར་བརྟེན། འཛམ་བུ་གླིང་འདིའི་སྒང་ལ་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང་། མིའི་སེམས་ཞི་བ་དང་སྐྱིད་པོ་ཡོང་རྒྱུ་དེ་དངོས་པོ་གཅིག་པུ་ཡར་རྒྱས་ཕྱིན་པ་ཙམ་གྱིས་ཡོང་ཐུབ་ཀྱི་མེད་པ་གསལ་བོ་རེད།

རྒྱ་ནག་ལ་ཆ་བཞག་ནའང་གཞུང་གི་སྲིད་ཇུས་སྟངས་འཛིན་ནན་པོའི་འོག་ཏུ་དཔལ་འབྱོར་དང་མི་མང་གི་འཚོ་གནས་གང་འཚམ་ཡར་རྒྱས་ཕྱིན་ཡོད་ཀྱང་། ལྐོག་ཟ་རུལ་སུངས་ལ་བརྟེན་ཏེ་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཆགས་ཏེ་དབུལ་ཕོངས་ཚོ་སྐྱབས་མེད་མགོན་མེད་ཆགས་ཡོད་པ་རེད། དེར་བརྟེན། དངོས་པོ་གཅིག་པུ་ཡར་རྒྱས་ཀྱིས་ཕན་ཐོགས་ཀྱི་ཡོད་པ་མ་རེད། རྒྱ་ནག་ལ་མཚོན་ན། སྤྱི་ཚོགས་རིང་ལུགས་རེད། མི་ཚང་མར་ལྟ་སྐྱོང་བྱེད་རྒྱུ་དེ་གཞུང་གི་ལས་འགན་གཙོ་བོ་རེད། ཡིན་ནའང་ཡ་རབས་དང་སྙིང་རྗེའི་བསམ་བློ་མེད་ན། སྐྱོ་བོ་ཚོ་སྐྱོ་བོ་བྱས་ནས་ལྷག་རྒྱུ་མ་གཏོགས་ཡར་རྒྱས་འགྲོ་ཐུབ་ཀྱི་ཡོད་པ་མ་རེད། དངོས་གནས་དྲང་གནས་མིང་དོན་མཚུངས་པའི་སྤྱི་ཚོགས་རིང་ལུགས་ཤིག་ཡོང་དགོས་ན། གཙོ་བོ་མིའི་བསམ་བློའི་ནང་གཞན་ཕན་བསྐྲུན་རྒྱུ་དང་། གཞན་ལ་བྱམས་བརྩེ་བྱེད་དགོས་ཀྱི་ཡོད་པ་རེད། ལམ་ལུགས་ཅི་འདྲ་བཟང་ཡང་ལམ་ལུགས་དེའི་ནང་ལས་ཀ་བྱེད་མཁན་ཚོའི་བསམ་བློའི་ནང་ཡ་རབས་ཀྱི་བསམ་བློ་མེད་ན་དེས་ཕན་གྱི་ཡོད་པ་མ་རེད། དེར་བརྟེན། སེམས་ཁམས་རིག་པ་དང་འབྲེལ་ཏེ་ནང་བསམ་བློ་དེ་བྱམས་སེམས་ལྡན་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

མཇུག་ཏུ་༧གོང་ས་མཆོག་གིས། མའོ་ཙེ་ཏུང་གིས་སྔོན་ཆད་ངོས་རང་ལ་ནང་ཆོས་དུག་རེད་ཅེས་བཤད་ཀྱང་། ད་ལྟ་ཁོང་འཚོ་སྡོད་བྱས་ཡོད་ན། ཁོང་གིས་ཆོས་དུག་རེད། ཡིན་ནའང་ནང་པའི་ཆོས་དེ་མ་འདྲ་བ་ཞིག་འདུག་ཅེས་ལབ་མདོག་ཁ་བོ་རེད། ནང་པའི་ལྟ་གྲུབ་ཡག་པོ་ཞིག་ཤེས་པ་དང་། སེམས་ཁམས་རིག་པ་དེ་ཡང་ཡག་པོ་ཞིག་ཤེས་ནས་འགྲེལ་བཤད་རྒྱག་ཐུབ་ན། ཆོས་ལ་ངོ་རྒོལ་བྱེད་མཁན་ཚོ་ཁ་གྲག་ཐབས་མེད་པ་ཞིག་ཏན་ཏན་ཆགས་ཀྱི་རེད། ཅེས་སོགས་གསུངས་སོང་།

ཐེངས་འདིའི་ནང་ཆོས་ངོ་སྤྲོད་སྟེང་། དྷ་སྟེང་བོད་ཁྱིམ་དང་སུ་ཇ་བོད་ཁྱིམ་གཉིས་ཀྱི་འཛིན་རིམ་བཅུ་གཅིག་བཅུ་གཉིས་དང་། དྷ་ཤོད་བོད་ཁྱིམ་ནས་འཛིན་རིམ་བཅུ་བ་དང་བཅུ་གཅིག སེ་ལ་ཀོལ་བོད་ཁྱིམ་ནས་འཛིན་རིམ་དགུ་བ་དང་བཅུ་བ། དེ་བཞིན། ཤེས་རབ་དགའ་ཚལ་སློབ་གླིང་དང་། ས་རཱ། ནོར་གླིང་བཅས་ཀྱི་སློབ་ཕྲུག་ ༢༦༠༠ ལྷག་དང་། སེར་སྐྱ་མི་མང་ ༦༠༠༠ ལྷག་འདུས་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༦/༠༦

Leave a Reply