སྨན་པ་མཁས་གྲུབ་ལགས་བསྐྱར་དུ་འཛིན་བཟུང་བྱས།

ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་མུ་ར་དགོན་པའི་སྨན་ཁང་གི་དབུ་འཛིན་སྨན་པ་མཁས་གྲུབ་ལགས་རྒྱ་ནག་གཞུང་གིས་ཡང་བསྐྱར་བཙན་འཁྲིད་བྱས་ཏེ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་འདུག

འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༣ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༡ ཙམ་ལ་ཀན་ལྷོ་ཁུལ་རྨ་ཆུ་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣ་ཡོང་སྟེ། སྨན་པ་མཁས་གྲུབ་ལགས་གཟིམ་ཤག་ནས་བཙན་འཁྲིད་བྱས་ཡོད་པ་དང་། སྐབས་དེར་གཟིམ་ཤག་ཏུ་ཁོང་གཅིག་པུ་ཡིན་པས་བཙན་འཁྲིད་བྱས་པ་སུ་གང་གིས་ཀྱང་ཤེས་རྟོགས་བྱུང་མེད་པ་རེད། ཕྱི་ཉིན་དགོན་པའི་དོ་དམ་པ་ཚེ་བརྟན་ལགས་དང་། སྨན་ཁང་གི་སྨན་པ་མུ་ར་རྒྱ་པཱ་ལགས་གཉིས་ས་གནས་ཉེན་རྟོག་ཁང་དུ་ཕྱིན་ཏེ། སྨན་པ་མཁས་གྲུབ་ལགས་ཀྱི་སྐོར་སྐད་ཆ་འདྲི་སྐབས། ཉེན་རྟོག་ཁང་ནས་དེའི་སྐོར་གང་ཡང་ཤེས་རྟོགས་མེད་སྐོར་བརྗོད་ཡོད་པ་དང་། དེ་ནས་ཁོང་གཉིས་ཀྱིས་ལྷ་རྗེ་ཁོང་གློ་བུར་དུ་བརླགས་པའི་བརྡ་ཁྱབ་བཏང་སྟེ་ས་གནས་མི་མང་ཡོངས་ནས་འཚོལ་ཞིབ་བྱ་རྒྱུ་ཡིན་ལུགས་བརྗོད་རྗེས། ས་གནས་ཉེན་རྟོག་པས་རྫོང་འབྲེལ་ཡོད་ལས་ཁུངས་ལ་ཁ་པར་བཏང་སྟེ་སྐད་ཆ་འདྲི་སྐབས། ཁོང་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣས་འཛིན་བཟུང་བྱས་ཏེ་རྫོང་ཉེན་རྟོག་ཁང་དུ་བཀག་ཉར་བྱས་ཡོད་པ་བརྗོད་འདུག ཡིན་ནའང་། ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་འགྲེལ་བརྗོད་བྱས་མེད་པ་རེད།

ས་གནས་མི་མང་གིས་བརྗོད་ན། ཁོང་ཕྱི་ལོ་ ༢༠༡༢ དང་ ༢༠༡༤ ལོར་རྒྱ་གར་ནང་གནས་སྐོར་དུ་ཕེབས་མྱོང་ཡོད་པ་མ་ཟད། རྒྱ་གར་ནང་དགེ་སློང་གི་སྡོམ་པ་ཞུས་ཡོད་པ་དང་། བལ་ཡུལ་ཡང་ལེ་ཤོད་དུ་ཟླ་ཤས་རིང་མཚམས་ལ་བཞུགས་མྱོང་ཡོད་འདུག རྒྱ་བལ་ནང་གནས་སྐོར་དུ་ཕེབས་ཏེ་ཕྱིར་ཕ་ཡུལ་དུ་འབྱོར་རྗེས་རྒྱ་ནག་གཞུང་གིས་ཁོང་ལ་ཡང་ཡང་འདྲི་གཅོད་དང་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པའི་བསྙོན་འཛུགས་སྣ་ཚོགས་བྱས་ཡོད་པ་མ་ཟད། ཉེ་དུས་ཁོང་གིས་རྒྱ་ནག་གཞུང་ནས་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་བའི་པར་དང་དེ་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྩོམ་ཐུང་མང་པོ་བྲིས་ཡོད་པ་དང་། ཁོང་གིས་རྒྱུན་དུ་མི་རིགས་ཁེ་དབང་སྲུང་སྐྱོབ་དང་ཆོས་དད་རང་དབང་དགོས་པའི་སྐོར་ལ་རང་གིས་བྲིས་པའི་རྩོམ་ཡིག་དང་གཞན་གྱི་རྩོམ་ཡིག ༧གོང་ས་མཆོག་གི་གསུང་བཤད་སོགས་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་འགོད་བྱས་ཡོད་པའི་སྐྱོན་འཛུགས་སྣ་ཚོགས་བྱས་ཡོད་ཀྱང་། ད་ལོའི་དཔྱིད་གསར་དུས་ཆེན་སྐབས་ཁོང་ཀློད་གྲོལ་བཏང་ཡོད་འདུག

ཐེངས་གཉིས་པ་འཛིན་བཟུང་བྱེད་སྐབས། རྫོང་ཉེན་རྟོག་ཁང་ནས་དེ་སྔོན་བཀག་ཉར་བྱེད་སྐབས་ཁོང་གི་ཁ་པར་སོགས་བཙན་འཕྲོག་བྱས་པའི་ཅ་ལག་རྣམས་ལེན་དུ་ཡོང་དགོས་སྐོར་བརྗོད་དེ། གྲྭ་ཆས་རྣམས་ཕུད་དུ་བཅུག་ནས་རྫོང་ཉེན་རྟོག་ཁང་དུ་ཁྲིད་ཕྱིན་རྗེས་ཡང་བསྐྱར་འཛིན་བཟུང་བྱས་ཏེ་བཀག་ཉར་འོག་བཞག་ཡོད་པ་དང་། ས་གནས་ཡུལ་མི་ཚོས་རྒྱ་གཞུང་གིས་ཁོང་ལ་ཉེས་མེད་ཉེས་འཛུགས་ཀྱིས་ཁྲིམས་ཐག་གཅོད་པའི་ཉེན་ཁ་ཡོད་སྐོར་བརྗོད་འདུག

སྨན་པ་མཁས་གྲུབ་ལགས་ཕྱི་ལོ་ ༡༩༦༧ ལོར་རྨ་ཆུ་རྫོང་མུ་ར་ཡུལ་ཚོའི་ཕ་སྐལ་ཁོ་དང་མ་བལ་ཁོ་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ལོ་ན་བཅུ་ཙམ་ལ་སོན་སྐབས་མ་ཚེ་ལས་འདས་བ་དང་། ཕ་དང་ཁ་གྱེས་པ་མ་ཟད། ཁོང་དང་སྲིང་མོ་གཉིས་ལ་རྒྱ་གཞུང་གིས་ཕྱུག་བདག་གི་ཞྭ་ནག་གཡོགས་ཏེ་དཀའ་སྡུག་མང་པོ་མྱངས། དེ་ནས་ཡུན་རིང་མ་འགོར་བར་ཁོང་གིས་ཕྱུགས་རིགས་སྨན་པ་རྣམས་ལ་ལག་གཡོག་བྱས་ཏེ་སྨན་དང་ནད་རྟགས། བཅོས་ཐབས་ལག་ལེན་སྐོར་ལ་སྦྱངས་བ་གནང་སྟེ་མཐར་རང་གི་དགེ་རྒན་དུ་གྱུར་བའི་སྨན་པ་རྣམས་ལས་ཀྱང་མཁས་པར་གྱུར་ཏེ། ཕྱུགས་རིགས་སྨན་པའི་ཕྱག་ལས་གནང་ཡོད་འདུག

དགུང་ལོ་ ༡༤ ཙམ་ལ་སོན་སྐབས་མུ་ར་བླ་མ་བཟོད་ཀུན་ལགས་དགེ་རྒན་དུ་བསྟེན་ནས་མུ་ར་དགོན་དུ་ཆོས་སྒོར་ཞུགས་ཏེ། དགོན་པའི་འདོན་ཕྱག་ལེན་སོགས་ལ་བསླབ་པ་རྩེར་སོན་ཡོད་པ་དང་། ཕྱིས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་སྒྲ་སྙན་ངག་དང་རྩིས་དཀར་ནག། བསྡུས་གྲྭ་ནས་ཕར་ཕྱིན་བར་སློབ་གཉེར་གནང་རྗེས།  ཁམས་གཙང་གཏེར་ཆེན་དང་འཇིགས་མེད་མཐུ་ལྡན་སོགས་ཀྱི་དྲུང་ནས་སྨན་དབང་དང་རྒྱུད་བཞི་སོགས་གསོ་བ་རིག་པའི་གཞུང་ལུགས་མང་དུ་གསན། མུ་ར་དགོན་གསར་བཞེངས་སྐབས་ཞིང་བཟོ་དང་རྡོ་རྩིག་སོགས་ཀྱི་ཕྱག་ལས་གནང་། ཕྱིས་སུ་དགོན་པའི་དབུ་མཛད་དང་དགེ་བསྐོས། དོ་དམ་པ། སྐྱོར་དཔོན། དགེ་རྒན་བཅས་ཀྱི་ཐུགས་འགན་འཁུར་ཡོད་པ་དང་། ད་སྐབས་དགོན་པའི་སྨན་ཁང་གི་དབུ་འཛིན་དང་སྨན་པ་གཙོ་བོ་ཡིན་ལ། ས་གནས་དེའི་མི་དང་ཕྱུགས་རིགས་ནད་ལས་གྲོལ་བར་མཛད་རྗེས་བླ་མེད་བཞག་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༢༨

Leave a Reply