“ཚེ་འདིར་ཡང་བསྐྱར་ཐུག་མ་ཐུབ་ཀྱང་ཚེ་ཕྱི་མར་སླར་ཡང་མཇལ་ཡོང་།”

ང་དགུ་ལོའི་སྔོན་ལ་སེ་ར་དགོན་པའི་གྲྭ་བ་བྱས་ཤིང་། རྗེས་སུ་རྒྱ་གར་གཞུང་གི་སོ་པ་དང་༧གོང་ས་མཆོག་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་སྐབས་སྐུ་སྲུང་བ་གནང་མྱོང་མཁན་དབང་འདུས་ལགས་ཐེངས་འདིར་སླར་ཡང་༧གོང་ས་མཆོག་ལ་མཇལ།

ཁ་སང་རྒྱ་གར་ཧིན་རྡུ་དུས་བབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིར་༧གོང་ས་ཏཱ་ལའི་བླ་མ་མཆོག་མོན་རྟ་དབང་དུ་ཁུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་སྐབས། ཁོང་ཉིད་ཐོག་མ་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར་སྐབས་སྐུ་སྲུང་བ་བྱས་མྱོང་མཁན་སེ་ར་དགོན་པའི་གྲྭ་ཟུར་དབང་འདུས་ལགས་དང་ཐུག་འཕྲད་གནང་ཡོད།

དབང་འདུས་ལགས་ད་ལྟ་དགུང་ལོ་ ༩༠ ཡིན་པ་དང་། དེ་སྔོན་ལྷ་ས་སེ་ར་དགོན་པར་གྲྭ་བ་བྱས་མྱོང་བ་མ་ཟད། རྗེས་སུ་ཨ་རུ་ན་ཅཱལ་ནང་རྒྱ་གར་གཞུང་གི་སོ་པའི་ཕྱག་ལས་ཀྱང་གནང་ཡོད་པ་དང་། ༡༩༥༩ ལོའི་ཟླ་ ༤ པའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ཏེ། མོན་རྟ་དབང་དུ་འབྱོར་སྐབས་ཁོང་གི་སྐུ་སྲུང་བ་བྱས་ཡོད་འདུག

ད་ལྟ་དབང་འདུས་ལགས་སོ་པའི་ལས་ཀ་ནས་རྒན་ཡོལ་ཞུས་ཡོད་པ་དང་། ཐེངས་འདིར་༸གོང་ས་མཆོག་ལ་མཇལ་ཁ་རག་སྐབས། ༸གོང་ས་མཆོག་གིས་ཁོང་ལ་ “ང་ཚོ་ཚེ་འདིར་ཡང་བསྐྱར་ཐུག་མ་ཐུབ་ཀྱང་། ཚེ་ཕྱི་མར་སླར་ཡང་མཇལ་ཡོང་།” ཞེས་གསུངས་ཡོད་འདུག དབང་འདུས་ལགས་ཀྱིས་འདས་པའི་གནས་ཚུལ་དྲན་གསོ་བྱས་ཏེ་བརྗོད་དོན། སྐབས་དེར་༸གོང་ས་མཆོག་ཉིན་གྲངས་ ༢༠ རིང་ཞབས་ཐང་དུ་ཕེབས་ཡོད་ཀྱང་། ད་དུང་འཛུམ་མདངས་མ་ཉམས་པར་རྒོད་བྲོ་བོ་གནང་གི་འདུག་ཟེར། དབང་འདུས་ལགས་ནང་པ་ཡིན་སྟབས། ཁོ་ལ་མཚོན་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ “ཁོ་རང་གི་དཀོན་མཆོག་”རེད།

༡༩༥༩ ལོར་སོ་མྱུལ་བའི་མགོ་ཁྲིད་ཀྱིས་༧གོང་ས་མཆོག་གི་མཉམ་དུ་འགྲོ་དགོས་ཟེར་སྐབས། རང་གི་རྐང་པར་འདར་སིག་རྒྱག་གི་འདུག་ཟེར། སྐབས་དེར་དབང་འདུས་ལགས་སུ་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། ཁོ་རང་གིས་བོད་སྐད་ཤེས་ཀྱི་ཡོད་སྟབས། ༧གོང་ས་མཆོག་རྟ་དབང་ནས་འབུམ་སྡེ་ལར་ཕེབས་སྐབས། སོ་པའི་གོ་ཁྲིད་ཀྱིས་༧གོང་ས་མཆོག་གི་སྐུ་སྲུང་བ་གྲས་སུ་བདམས་ཡོད་འདུག

དབང་འདུས་ལགས་ཨ་རུ་ན་ཅལ་མངའ་སྡེའི་ནུབ་ཀཱ་མིང་རྫོང་ནས་རྐང་པ་བརྒྱབ་སྟེ་ལྷ་སར་གྲྭ་བ་བྱེད་དུ་ཕྱིན་ཡོད་པ་དང་། སེ་ར་དགོན་པར་གྲྭ་བ་བྱས་རྗེས་བོད་ཡིག་བོད་སྐད་སྦྱངས་ཡོད་པ་རེད། ཁོས་ “ ང་ ༡༩༤༢ ལོར་ལྷ་སར་འབྱོར་སོང་སྐབས། དགུང་ལོ་ ༥ ལ་ཕེབས་མ་ཐག་གི་ཕྲུ་གུ་ཞིག་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་གཞུང་འབྲེལ་མཛད་སྒོ་ཚོགས་ཏེ་ལོ་གཉིས་ཏག་ཏག་ཕྱིན་འདུག” ཅེས་བརྗོད་སོང་། དབང་འདུས་ ༸གོང་ས་མཆོག་སྐུ་ན་ཕྲ་དུས་མཛད་སྒོ་སོགས་སུ་ཐེངས་ཁ་ཤས་ལ་མཇལ་མྱོང་ཡོད་འདུག རྗེས་སུ་ཁོ་རང་གིས་གྲྭ་བའི་འཚོ་བ་བསྐྱུར་ནས་སྐྱ་སར་བབ་སྟེ་སླར་རང་གི་ཁྱིམ་དུ་ལོག་ཡོད་འདུག

༡༩༥༤ ལོའི་གོང་དུ་ཁོང་གིས་སོ་པའི་ལས་ཀ་བྱས་ཏེ་བོད་ལ་ཐེངས་ཁ་ཤས་ཕྱིན་མྱོང་ཡོད་འདུག འོན་ཀྱང་། ༡༩༥༤ ལོར་རྒྱ་དཀར་ནག་བར་ཆིངས་དོན་ཚན་ལྔ་ (Panchsheel agreement)ཞེས་པ་བཞག་རྗེས། རྒྱ་གར་མཐའ་མཚམས་ནས་དམག་མི་ཕྱིར་འཐེན་དང་། དར་འཕྲིན་ལས་ཁུངས་དང་སོ་ལྟ་ཁང་། དམག་སྡེ་སོགས་ཉུང་དུ་བཏང་ཡོད་འདུག

དབང་འདུས་ལགས་ཀྱིས་ “༡༩༥༩ ལོར་རྟ་དབང་དུ་ངས་དགུང་ལོ་ ༢༤ ལ་ཕེབས་པའི་༸གོང་ས་མཆོག་ཐོག་མར་མཇལ་སྐབས་ལུས་ཀྱི་བ་སྤུ་ལྡངས་སོང་། འོན་ཀྱང་། ངས་རང་གི་ཚོར་བ་ལ་སྟངས་འཛིན་བྱས་ཏེ་༸གོང་ས་མཆོག་གི་སྐུ་ཕྱྭར་སྲུང་སྐྱོབ་བྱས་ཏེ་འབུམ་སྡེ་ལ་བར་དུ་ཕྱིན་པ་ཡིན།”ཞེས་ཟེར། ༸གོང་ས་མཆོག་འབུམ་སྡེ་ལར་འབྱོར་ཏེ་བདུན་ཕྲག་གཅིག་གི་རྗེས་ལ་ཨ་སམ་གྱི་ས་གནས་ཏེ་ཛི་པུར་བརྒྱུད་དེ་རྒྱ་གར་རྒྱལ་ས་ལྡི་ལི་གསར་པར་གནམ་གྲུ་ནས་ཆིབས་སྒྱུར་གནང་ཡོད།

དབང་འདུས་ལགས་ཀྱིས་སྐབས་དེར་ “༸གོང་ས་མཆོག་གིས་ངའི་ལག་པར་འཇུས་ཏེ་ང་ཚོ་སླར་ཡང་མཇལ་ཡོང་གསུངས་སོང་། སྐབས་དེ་ནས་ད་བར་ལོ་ངོ་ ༥༨ ཕྱིན་པ་རེད། ༢༠༠༩ ལོར་དཀོན་མཆོག་གི་ཐུགས་རྗེ་ལ་བརྟེན་ཏེ་༸གོང་ས་མཆོག་ལ་ཐེངས་གཅིག་མཇལ་བྱུང་། སྐབས་དེར་༸གོང་ས་མཆོག་གིས་ང་ལ་མ་འོངས་པར་ཡང་བསྐྱར་མཇལ་ཡོང་གསུངས་སོང་།” ཞེས་བཤད་སོང་།

དབང་འདུས་བདུན་ཕྲག་སྔོན་མའི་ནང་སླར་ཡང་༸གོང་ས་མཆོག་ལ་མཇལ་བའི་སྐལ་བ་ལྡན་ཡོད། ཁོས་ “ང་ད་ལྟ་རྒན་འཁོགས་ཆགས་ཚར་བ་རེད། འཇིག་རྟེན་འདིར་འཚོ་སྡོད་བྱེད་པའི་དུས་ཚོད་ཧ་ལམ་རྫོགས་ཚར་བ་རེད། འོན་ཀྱང་། ༸གོང་ས་མཆོག་གིས་ད་དུང་ངེད་གཉིས་མ་འོངས་པར་ཡང་བསྐྱར་ཞལ་མཇལ་ཡོང་བའི་རེ་བ་གནང་གི་འདུག ཚེ་འདི་ལ་མ་མཇལ་ཡང་། ཚེ་ཕྱི་མ་སླར་ཡང་མཇལ་གྱི་རེད་གསུངས་སོང་།”ཞེས་ཧ་ཅང་སྤྲོ་སྣང་ལྡན་པའི་ཐོག་ནས་བརྗོད་བྱུང་།

བསྐྱར་བཅོས།: ༢༠༡༧/༠༤/༡༠

Leave a Reply