ཚོཊ་ཆེན་གྲོལ་བ་དང་དཔོན་ཆེན་ ༩ ལ་གནད་དོན་བྱུང་།

རྒྱ་ནག་གི་ཚོགས་ཆེན་གཉིས་གྲོལ་བའི་ཉིན་མོ་དང་བསྟུན་ཁུལ་དང་ཞིང་ཆེན་ཁག་དྲུག་ཙམ་གྱི་དཔོན་རིགས་ ༩ ལ་ཁྲིམས་འགལ་གྱི་ཉེས་མིང་འོག་ཞིབ་བཤེར་གནས་དབྱུང་བཏང་ཡོད་འདུག

དེ་རིང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༡༦ ཉིན་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་གཉིས་པའི་དམངས་ཆེན་དང་སྲིད་གྲོས་ཀྱི་ཚོགས་ཆེན་ཐེངས་ལྔ་པ་གྲོལ་བ་དང་བསྟུན། ནང་སོག་རང་སྐྱོང་ཁུལ་དང་ཀང་ཏུང་། ཧུའུ་པེ། ཀེ་ཀྲུའུ། ཧྲན་ཏུང་སོགས་ཁུལ་དང་ཞིང་ཆེན་ཁག་ ༦ ཙམ་ནས་ཏང་ཡོན་དཔོན་རིགས་ ༩ ལ་ཁྲིམས་འགལ་གྱི་ཉེས་མིང་ཕོག་ཡོད་པ་དང་། དཔོན་ཆེན་ ༩ ཡི་ནང་ནས་ཀང་ཏུང་ཀྲུང་ཧྲན་གྲོང་ཁྱེར་བཟོ་ཚོང་སྲིད་འཛིན་དོ་དམ་ཁང་གི་དམར་ཤོག་དྲུང་ཆེ་ལི་དེ་རོང་དང་། ཧུའུ་པེ་ལང་ཧྥང་གྲོང་ཁྱེར་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ཡང་ཅའེ། ཧུའུ་པའེ་ཡན་ཁྲིན་གྲོང་ཁྱེར་གྲོང་རྡལ་འཛུགས་སྐྲུན་ཁང་དམར་ཤོག་དྲུང་ཆེ་ཝུ་ཀྲུང་ཉིང་། ཀེ་ཀྲུའུ་ཐུང་ཙེ་རྫོང་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་མགོ་འཁྲིད་གཞོན་པ་ཁྲང་ཡོང་ཁང་བཅས་ཀྱིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་མགོ་བརྩམས་ཡོད་པ་རེད།

དེ་བཞིན་ཧྲན་ཅང་ཁྲུང་ཆེན་མཁའ་ལམ་བཟོ་སྐྲུན་ཁང་གི་མགོ་འཁྲིད་ཟུར་པ་ཙུའུ་ཀྲི་ཡིས་ཞི་ཅིན་ཕིན་གྱི་གཏན་འབེབས་དོན་ཚན་བརྒྱད་ལ་རྒྱབ་འགལ་བྱས་ཏེ། སྒེར་གྱི་འདུ་འཛོམས་ལ་མཉམ་ཞུགས་དང་སྒེར་གཉེར་ཁེ་ལས་ཀྱི་མགྲོན་འབོད་དང་ལེན། ལག་རྟགས་ཁུག་དམར་བླངས་བ། དབང་ཆ་སྒེར་སྤྱོད་ཀྱིས་ལྐོག་རྔན་བླངས་བ་སོགས་སྒྲིག་འགལ་ཚབས་ཆེན་བྱས་པ་དང་། ཅི་ནན་གྲོང་ཁྱེར་ཐེན་ཆོ་ས་ཁུལ་གྱི་མགོ་འཁྲིད་ལི་ཧོང་ཧེ་ཡིས་ཀྱང་དབང་ཆ་སྒེར་སྤྱོད་ཀྱིས་གཞན་ལ་ཁེ་ཕན་བསྐྲུན་པ་དང་ལྐོག་རྔན་བླངས་བ། སྤྱིའི་རྒྱུ་ནོར་ཧམ་ཟ་བྱས་ཏེ་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་མགོ་བཙུགས་ཡོད་པ་དང་། གཞན་ཡང་། ཨན་ཝེ་མཱ་ཨན་ཧྲན་གྲོང་ཁྱེར་ལྷན་ཁང་གི་མགོ་འཁྲིད་ཟུར་པ་ཀྲང་ཧྲོ་ལིན་དང་། ཧྲན་ཏུང་ཧེ་ཙི་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ལུའུ་ཁྲན་ཅིན་གཉིས་གནས་དབྱུང་བཏང་ཡོད་འདུག

གཞན་ཡང་། ཁ་སང་ཕྱི་ཚེས་ ༡༦ ཉིན་ནང་སོག་རང་སྐྱོང་ལྗོངས་ཞིབ་བཤེར་ཁང་གིས། ཁུལ་དེའི་རྒྱལ་ཁབ་ཐོན་ཁུངས་ཁང་གི་མགོ་འཁྲིད་ཟུར་པ་ལི་ཧྲི་རོང་གིས་ལྐོག་རྔན་བླངས་བའི་ནག་ཉེས་འོག འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་ནས་བཟུང་ཞིབ་བཤེར་བྱས་ཡོད་པ་ལྟར། ད་ལྟ་ཉེས་དོན་ཞིབ་བཤེར་ཐོ་འགོད་བྱས་ཟིན་པ་བསྒྲགས་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་ནང་སོག་ནི་ད་ལྟའི་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ལུའུ་ཡེན་ཧྲན་གྱི་དབང་ཤུགས་རྒྱུ་ཤུགས་ཀྱི་གཞི་རྟེན་ཆགས་ས་གཙོ་བོ་ཞིག་ཡིན་སྟབས། ལི་ཧྲི་རོང་ལ་ཞིབ་བཤེར་བྱས་པའི་བརྒྱུད་རིམ་ཁྲོད་ལུའུ་ཡེན་ཧྲན་ཚང་གི་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་མང་པོ་ཞིག་ཐོན་གྱི་ཡོད་སྐོར་ཡང་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༡༧

Leave a Reply