ཞི་ཅིན་ཕིན་གྱི་ཧོང་ཀོང་གི་ལམ་ཁ་གཙང་ཕྱག་བྱས།

དབྱིན་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་ལ་ཉེ་བ་དང་བསྟུན་ཏེ་རྒྱ་ནག་དང་ཧོང་ཀོང་། ཨོ་མན་བཅས་ཀྱི་མཉམ་འབྲེལ་ཉེན་རྟོག་རུ་ཁག་གིས་དོགས་ཡོད་མི་སྣ་ ༨༠༠༠ ཙམ་འཛིན་བཟུང་བྱས་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྱུང་འགྱུར་ཕྱི་ཟླ་ ༧ ཚེས་ ༡ ཉིན་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བཞིན་ཡོད་པ་དང་། དུས་དྲན་དེ་མ་བསླེབས་པའི་ཟླ་ ༣ གྱི་གོང་སྟེ། ད་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༥ ནས་ཟླ་ ༦ པའི་ཚེས་ ༡༠ ཉིན་བར། ཧོང་ཀོང་དང་རྒྱ་ནག ཨོ་མན་བཅས་ཀྱི་མཉམ་འབྲེལ་ཉེན་རྟོག་རུ་ཁག་གིས་ཁྱོན་བསྡོམས་མི་ ༨༠༠༠ ཙམ་འཛིན་བཟུང་བྱས་ཡོད་ཀྱང་། ཧོང་ཀོང་ཉེན་རྟོག་ཕྱོགས་ནས་གནས་ཚུལ་དེ་ཧོང་ཀོང་ལོ་ངོ་ ༢༠ ལོ་འཁོར་དུས་དྲན་ལ་འབྲེལ་བ་མེད་ཚུལ་བརྗོད་འདུག

མཉམ་འབྲེལ་ཉེན་རྟོག་རུ་ཁུག་དེས་ཧོང་ཀོང་དང་ཨོ་མན། རྒྱ་ནག་ཀོང་ཏུང་མངའ་ཁུལ་བཅས་ཀྱི་ཆང་ཁང་དང་སྨད་འཚོང་ཁང་། ཤོ་ཁང་སོགས་སུ་མེ་མདའ་དང་མཚོན་ཆ། བཟི་སྨན་རིགས། ཉལ་ཐ། མཛེས་བཟོ་སྐུ་མཉེའི་སྣུམ་རིགས། ད་དུང་ཚུལ་མིན་བག་མེད་ཀྱི་མཚན་ཚོགས་ཁང་སོགས་ནས་ཁྲིམས་མཐུན་མིན་པའི་ལས་རིགས་སྣ་ཚོགས་གཉེར་བཞིན་པའི་ཧོང་ཀོང་གི་མི་སེར་ ༣༦༡༨ ཙམ་འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་རྒྱ་ནག་ནས་ཡོང་བ་ ༡༡༣༥ དང་། རྒྱ་རིགས་མ་ཡིན་པ་ ༡༥༢ ཡོད་པ་དང་། གཞན། ཀོང་ཏུང་ནས་མི་ ༢༢༧༠ འཛིན་བཟུང་བྱས་ཏེ་ཨོ་མན་དུ་ཁྲིད་ཡོད་སྟབས། ཁྱོན་བསྡོམས་ཨོ་མན་དང་རྒྱ་ནག་གི་མི་སེར་༥༠༩༧ འཛིན་བཟུང་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་མི་ ༡༧༨༢ ལ་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་ནག་དང་ཧོང་ཀོང་། ཨོ་མན་བཅས་ཀྱི་མཉམ་འབྲེལ་ཉེན་རྟོག་རུ་ཁུག་དེར་ཨང་རྟགས་ ༡༧ ཅན་གྱི་(Thunderbolt)ཞེས་མིང་བཏགས་ཡོད་པ་དང་། ཉེན་རྟོག་རུ་ཁུག་དེས་འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༥ ནས་ཟླ་ ༦ པའི་ཚེས་ ༡༠ བར། ཧོང་ཀོང་དང་ཨོ་མན། རྒྱ་ནག་ཀོང་ཏུང་བཅས་སུ་ཁྲིམས་འགལ་ལས་དོན་ཐད་སྔོག་བཤེར་ལས་འགུལ་ཐེངས་དང་པོ་སྤེལ་ཡོད་དང་། མི་འགྱངས་བར་ཐེངས་གཉིས་པ་དེའང་ཟླ་གསུམ་རིང་སྤེལ་སྲིད་སྟབས། སྔ་ཕྱི་བསྡོམས་པའི་སྔོག་བཤེར་ལས་འགུལ་དེ་ལོ་ཕྱེད་ཙམ་ཆགས་རྒྱུ་ཡིན་པ་དང་། ༢༠༠༠ ལོ་ནས་རྩིས་བའི་ཉེན་རྟོག་པས་སྔོག་བཤེར་ཞིབ་འཇུག་དང་རྡུང་རྡེག་ཚ་ནན་གྱི་ལས་འགུལ་སྤེལ་ཡུན་རིང་ཤོས་དེ་ཆགས་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་ ༢༩ ཉིན་ནས་ཟླ་རྗེས་མའི་ཚེས་ ༡ ཉིན་བར། རྒྱ་ནག་གི་དབུ་ཁྲིད་ཞི་ཅིན་ཕིན་ཧོང་ཀོང་དུ་སྐོར་སྐྱོད་བྱས་ཏེ། ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཏེ་ལོ་ངོ་ ༢༠ འཁོར་བའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་དང་། སྐབས་དེར་ཧོང་ཀོང་སྤྱི་ཁྱབ་གསར་བ་ལྕམ་ཀེར་ལཱམ་གྱིས་ཞི་ཅིན་ཕིན་གྱི་མདུན་ནས་ཧོང་ཀོང་སྤྱི་ཁྱབ་གསར་བའི་དམ་བཅའ་འཇོག་རྒྱུ་ཡིན་འདུག

ཧོང་ཀོང་སྤྱི་ཁྱབ་ཉེན་རྟོག་དཔོན་སྐུ་ཞབས་མན་ཊི་ཞིན་(Man Tat Shing)ཟེར་བས་ད་ལོའི་མཉམ་འབྲེལ་ཉེན་རྟོག་རུ་ཁག་གི་སྔོག་བཤེར་ལས་འགུལ་དེ་རྒྱུན་རིང་ཤོས་ཤིག་ཆགས་སྲིད་ཀྱང་། ལས་འགུལ་དེ་ཧོང་ཀོང་ལོ་ངོ་ཉི་ཤུ་འཁོར་བའི་མཛད་སྒོ་དང་། རྒྱ་ནག་གི་དབུ་ཁྲིད་ཚོ་ཧོང་ཀོང་དུ་ཕེབས་རྒྱུར་འབྲེལ་བ་མེད་སྐོར་བརྗོད་དོན། ཐེངས་འདིའི་མཉམ་འབྲེལ་ཉེན་རྟོག་རུ་ཁག་གི་སྔོག་བཤེར་ལས་འགུལ་དེ་ཧོང་ཀོང་དང་ཀོང་ཏུང་། ཨོ་མན་བཅས་ཀྱི་ནང་ནག་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད་པར་ཉེན་བརྡ་སྟོན་ཆེད་རེད་ཅེས་བརྗོད་ཡོད་ཀྱང་། ས་གནས་མི་མང་ཚོས་ཉེ་བའི་ལོ་འགའི་རིང་གཞུང་གི་སྟངས་འཛིན་ནན་མོའི་འོག་ཧོང་ཀོང་ནང་ནག་ཚོགས་རིགས་ཇེ་མང་དུ་ཕྱིན་མེད་པར་རྒྱུན་ལྡན་ཡིན་སྐོར་རྗོད་བཞིན་ཡོད་འདུག མཉམ་འབྲེལ་ཉེན་རྟོག་རུ་ཁག་དེའི་ཁྲོད་ཀྱི་མི་ཞིག་གིས། སྔོག་བཤེར་ལས་འགུལ་དེ་ཆེད་དུ་ཟླ་འདིའི་མཇུག་ཏུ་རྒྱ་ནག་གི་མགོ་ཁྲིད་ཚོ་ཧོང་ཀོང་ནང་ཡོང་གི་ཡོད་པར་གྲ་སྒྲིག་ཆེད་ཧོང་ཀོང་གཙང་ཕྱག་བྱེད་ཀྱིན་ཡོད་པ་རེད་ཅེས་བརྗོད་འདུག

ཕྱི་ཟླ་ ༡༠ པའི་ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོར་ཁེལ་ཡོད་སྟབས། རྒྱ་ནག་གཞུང་གིས་ལོ་ལྟར་ཧོང་ཀོང་དང་ཨོ་མན། ཀོང་ཏུང་བཅས་སུ་མཉམ་འབྲེལ་ཉེན་རྟོག་རུ་ཁག་བཙུགས་ཏེ་ཕྱི་ཟླ་ ༡༠ པ་མ་བསླེབ་གོང་གི་ཟླ་གསུམ་རིང་གྲ་སྒྲིག་བྱེད་སྲོལ་ཡོད་ཀྱང་། ད་ལོའི་ལས་འགུལ་དེ་སྔར་རྒྱུན་ལས་དུས་ཡུན་རིང་བ་ཆགས་ཡོད། ༢༠༡༤ ལོར་ཧོང་ཀོང་དམངས་གཙོའི་འཐབ་རྩོད་པ་ཚོས་ཧོང་ཀོང་གི་གཞུང་ལམ་ལྟེ་བར་ཉི་གདུགས་གསར་བརྗེའི་ལས་འགུལ་སྤེལ་ཡོད་སྟབས། སྐབས་དེར་ཉེན་རྟོག་རུ་ཁག་གི་ལས་འགུལ་དེའང་དུས་ཡུན་གང་འཚམ་རིང་ཕྱིར་འགྱངས་བྱས་ཏེ་དམངས་གཙོའི་ལས་འགུལ་དེར་བཀག་སྡོམ་བྱེད་དགོས་བྱུང་ཡོད།

ཧོང་ཀོང་གཞུང་གསར་བས་རྒྱ་ནག་གི་མགོ་ཁྲིད་ཚོ་ཧོང་ཀོང་ནང་ཕེབས་བསུའི་ཆེད་དམིགས་བསལ་ཉེན་རྟོག་དཔུང་དམག་ ༢༩༠༠༠ ཙམ་འགྲེམས་འཇོག་བྱ་རྒྱུ་ཡིན་པ་དང་། ཡུ་རོབ་ནང་འཇིགས་སྐུལ་བས་འཇབ་རྒོལ་ཐེངས་མང་བྱས་པ་དང་བསྟུན་ཏེ་ཧོང་ཀོང་ཡང་གཉིད་ལས་སད་པ་ལྟར། འཇིགས་སྐུལ་བའི་ཐད་དམ་དྲག་ནན་མོ་བྱེད་མགོ་བརྩམས་ཡོད་པ་དང་། ཟླ་སྔོན་མ་ནས་བཟུང་ཧོང་ཀོང་གཞུང་གིས་ཉེན་རྟོག་པ་ཚོར་འཇིགས་སྐུལ་བ་བཀག་སྡོམ་དམིགས་བསལ་སྤྱོང་བརྡར་སྤྲོད་མགོ་བཙུགས་ཡོད་པ་དང་། འཇིགས་སྐུལ་བ་ཞིག་གིས་རླངས་འཁོར་བཏང་སྟེ་མི་ཚོགས་ནང་རྒྱུག་ཡོང་སྐབས། སྤྱོང་བརྡར་སྤྲད་ཡོད་པའི་ཉེན་རྟོག་པ་ ༣༠༠ དེ་མ་ཐག་ས་ཁུལ་དེར་འབྱོར་ཏེ་མི་མང་སྲུང་སྐྱོབ་དང་ཉེས་ཅན་འཛིན་བཟུང་བྱེད་པ་སོགས་ཀྱི་སྤྱོང་བརྡར་ཚོད་ལྟ་བྱས་ཡོད་འདུག ཧོང་ཀོང་ཉེན་རྟོག་ཁང་གི་མགྲིན་ཚབ་པས། “ད་ལྟ་ཧོང་ཀོང་ནང་དྲག་སྤྱོད་པའི་གསང་བའི་ཚོགས་པ་དེ་འདྲ་མེད་སྟབས། འཇིགས་སྐུལ་དྲག་སྤྱོད་ཀྱི་ཉེན་ཁ་དེ་ཙམ་ཡོད་པ་མ་རེད།”ཅེས་བརྗོད་འདུག

གསར་འགོད། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༠༦/༡༦

Leave a Reply