ཞི་ཅིན་ཕིན་གྱིས་ང་ཚོར་བཅངས་པའི་འགྱུར་མེད་བརྩེ་སེམས་ལ་གཅེས་སྤྲས་བྱེད་ཟེར།

རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་དཔེ་དེབ་(ཞི་ཅིན་ཕིན་གྱི་དབང་སྒྱུར) ཞེས་བ་པཱ་ཀི་སི་ཐན་གྱི་ཨོར་ཌོ་ (Urdu)སྐད་ཡིག་ཐོག་བསྒྱུར་ཏེ། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གཞུང་འབྲེལ་དབུ་འབྱེད་མཛད་སྒོ་ཞིག་ཚོགས་པའི་སྟེང་། པཱ་ཀི་སི་ཐན་གྱི་སྲིད་བློན་ནཱ་བཱ་རྫི་ཤི་རེ་ཧྥི་ (Nawaz Sherif)ཕེབས་ཡོད་འདུག

སྐབས་དེར་སྲིད་བློན་ཤི་རེ་ཧྥི་ལགས་ཀྱིས་བརྗོད་དོན། “དབུ་ཁྲིད་ཞི་ཅིན་ཕིན་ལོ་གཉིས་ཀྱི་གོང་དུ་པཱ་ཀི་སི་ཐན་ལ་ཕེབས་ཏེ། ཁོས་རྒྱལ་ཁབ་འདི་ལ་བརྩེ་སེམས་བརྟན་པོ་བཅིངས་ཡོད་ཅེས་བརྗོད་ཡོད་པ་དང་། ང་ཚོས་ཀྱང་ཁོང་གི་ལྷག་སེམས་གཡོ་བ་མེད་པའི་བརྩེ་སེམས་ལ་མུ་མཐུད་གཅེས་འཛིན་བྱེད་ཀྱིན་ཡོད་”ཅེས་བརྗོད་འདུག

༢༠༡༥ ལོར་རྒྱ་ནག་དང་པཱ་ཀི་སི་ཐན་གྱི་ཚོང་ལམ་ (CPEC) ཞེས་པ་སྒོ་འབྱེད་བྱས་ཡོད་སྟབས། དུས་དེ་ནས་བཟུང་པཱ་ཀི་སི་ཐན་ནང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་མགོ་བརྩམས་ཡོད་པ་དང་། ཐེངས་འདིར་ཞི་ཅིན་ཕིན་གྱི་སྒྱུར་དེབ་འདིས་པཱ་ཀི་སི་ཐན་ནང་རྒྱ་ནག་གི་ཤུགས་རྐྱེན་སྔར་ལས་ཆེ་བ་ཐེབས་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག དེ་ཡང་དཔལ་འབྱོར་ཁོ་ན་མ་ཡིན་པར་ཆབ་སྲིད་དང་མ་འོངས་པའི་ཁ་ཕྱོགས་སོགས་མང་པོ་ཞིག་གི་ཐོག་ཤུགས་རྐྱེན་ཐེབས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད།

ཕྱོགས་གཞན་ཞིག་ནས་བཤད་ན། ཞི་ཅིན་ཕིན་གྱི་དེབ་དེ་དབྱིན་སྒྱུར་ཐོག་ ༢༠༡༤ ལོར་པཱ་ཀི་སི་ཐན་ནང་འགྲེམས་སྤེལ་བྱས་ཡོད་ཀྱང་། པཱ་ཀི་སི་ཐན་གྱི་ཡུལ་སྐད་ཨོར་ཌོ་ནང་དུས་ཡུན་རིང་པོར་བསྒྱུར་མ་ཐུབ་པར་ལྷག་ཡོད་སྟབས་དེར་དོགས་པ་ཟ་ཡུལ་ཞིག་ཆགས་ཡོད་འདུག སྤྱིར་ཞི་ཡི་དེབ་དེ་སྐད་རིགས་མང་པོའི་ནང་བསྒྱུར་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཐེ་ལན་ཌི་(Thailand)དང་ཁེམ་པོ་ཌའི་(Cambodian)སྐད་ཡིག་ནང་བསྒྱུར་ཡོད་ཡོད་འདུག

དེབ་དེའི་ནང་ཞི་ཅིན་ཕིན་གྱི་ ༢༠༡༢ ལོའི་ཕྱི་ཟླ་ ༡༡ ནས་ ༢༠༡༤ ལོའི་ཕྱི་ཟླ་ ༦ པའི་བར་གྱི་གཏམ་བཤད་ཁག་དང་ཕྲིན་ཡིག བཅར་འདྲི་སོགས་བརྗོད་བྱ་མི་འདྲ་བ་ ༧༩ འཁོད་ཡོད་འདུག སྐུ་ཞབས་ཤི་རེ་ཧྥི་ལགས་ཀྱིས་ “ང་ཚོས་དེབ་འདི་བརྒྱུད་དེ་འདས་བའི་ལོ་རབས་བཞིའི་ནང་རྒྱ་ནག་ལ་འགྱུར་བ་ཇི་ལྟར་ཕྱིན་པའི་སྐོར་ལ་སློབ་སྤྱོང་བྱ་ཆོག་པ་ཞིག་རེད་”ཅེས་བརྗོད་འདུག

པཱ་ཀི་སི་ཐན་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་སྐུ་ཞབས་ཙི་ཝེ་ཏོན་(Sun Weidong)ལགས་ཀྱིས་བརྗོད་དོན། དེབ་འདིས་པཱ་ཀི་སི་ཐན་གྱི་མི་མང་ཚོར་རྒྱ་ནག་ལ་གོ་རྟོགས་དང་རྒྱུས་ལོན་བྱེད་སའི་སྒེའུ་ཁུང་གསར་བ་ཞིག་ཕྱེ་ཡོད་པ་མ་ཟད། དེས་པཱ་ཀི་སི་ཐན་དང་རྒྱ་ནག་གི་གཉིས་ཕན་མཉམ་རྒྱལ་གྱི་ཁེ་ཕན་དང་ཁྱིམ་མཚེས་ཀྱི་འདུ་ཤེས་སོགས་འཕེལ་རྒྱས་འགྲོ་ངེས་རེད་ཅེས་བརྗོད་ཡོད།

བསྐྱར་བཅོས།: ༢༠༡༧/༠༤/༡༨

Leave a Reply