ཞི་ཅིན་ཕིན་དང་ཊི་རུམ་ཕིའི་ཐེངས་དང་པོའི་ཐུག་འཕྲད་སྐབས་རྩོད་རྙོག་ ༥ ལ་གྲོས་མོལ་བྱེད་དགོས།

ཡཱ་ཧོ་གསར་ཁང་གིས་ ༢༠༡༧།༤།༦ ཉིན།
ན་ནིང་ཕྱི་ཟླ་ ༡༡ པ་ནས་ཨ་སྒོར་ས་ཡ་མང་པོའི་ཕྱུག་བདག་ཅིག་གིས་ཨ་རིའི་སྲིད་དབང་བཟུང་རྗེས། ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རུམ་ཕི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་བར་རྩོད་རྙོག་ཆེན་པོ་མང་པོ་བྱུང་ཡོད།

ཨ་རིའི་ཧྥི་ལོ་རེ་ཌ་མངའ་སྡེའི་ནང་ཡོད་པའི་ཊི་རུམ་ཕིའི་གསོལ་མགྲོན་ཁང་དུ་སྲིད་འཛིན་གཉིས་ཐེངས་དང་པོར་ཐུག་འཕྲད་བྱ་རྒྱུར་གྲ་སྒྲིག་བྱས་འདུག

བྱང་ཀོ་རི་ཡ།
ཁ་སང་གཟའ་ལྷག་པའི་ཉིན་བྱང་ཀོ་རི་ཡས་རྒྱང་སྐྱོད་འཕུར་མདའ་ཚོད་ལྟ་མ་བྱས་སྔོན་ནས། བྱང་ཀོ་རི་ཡའི་རྡུལ་ཕྲན་གསར་བཟོའི་ལས་གཞི་དེས་ཊི་རུམ་ཕི་དང་ཞི་ཅིན་ཕིན་གཉིས་ཀྱི་ཐུག་འཕྲད་ལ་གནོན་ཤུགས་སྤྲོད་བཞིན་ཡོད། དཔལ་འབྱོར་འདུ་འགོད་ཐད་ནས་བྱང་ཀོ་རི་ཡས་པེ་ཅིན་གཞུང་ལ་ཡིད་ཆེས་བརྟན་པོ་འཆང་ཡོད་ཀྱང་། ཝ་ཤིན་ཊོན་གཞུང་གིས་དུས་ཡུན་རིང་པོའི་གོང་ནས་རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་ལ་བརྟེན་ཏེ་བྱང་ཀོ་རི་ཡར་དཔལ་འབྱོར་ཉེས་ཆད་གཅོད་དགོས་པའི་སྐུལ་མ་གཏོང་གི་ཡོད།

རྒྱ་ནག་གིས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མ་རུང་བའི་བྱ་སྤྱོད་ལ་བཟོད་བསྲན་བྱེད་དཀའ་བའི་རྣམ་འགྱུར་སྟོན་བཞིན་པའི་སྐབས་འདིར། པེ་ཅིན་གཞུང་གིས་འདོད་མོས་མེད་བཞིན་དུ་བྱང་ཀོ་རི་ཡས་རྡུལ་ཕྲན་གསར་བཟོ་དང་རྒྱང་སྐྱོད་འཕུར་མདའ་ཚོད་ལྟ་བྱེད་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡོད་པ་དང་། དེའི་རྒྱུ་མཚན་ནི་ཕྱོགས་གཉིས་ཀྱི་མཐའ་མཚམས་བརྒྱུད་དེ་སྐྱབས་བཅོལ་བ་མང་པོ་བསླེབ་སྲིད་པའི་ཉེན་ཁ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་གནོན་ཤུགས་འོག་བྱང་ཀོ་རི་ཡ་ཕམ་ཉེས་འགྲོ་སྲིད་པར་སེམས་ཚུབ་བྱེད་བཞིན་ཡོད་པ་རེད།

ཟླ་སྔོན་མར་ཊི་རུམ་ཕིས་ཁོ་རང་གི་བརྡ་འཕྲིན་ཊི་ཝི་ཊི་སྟེང་། ཕྱོགས་གཅིག་ནས་བྱང་ཀོ་རི་ཡ་ཕམ་ཉེས་གཏོང་ཐབས་སུ་རྒྱ་ནག་གིས་རོགས་རམ་ཕྲན་བུ་བྱེད་དགོས་སྐོར་དང་། ཕྱོགས་གཞན་ཞིག་ནས་ཨ་རི་གཅིག་པུས་བྱང་ཀོ་རི་ཡ་རྐང་འོག་ཏུ་གནོན་པའི་གྲ་སྒྲིག་ཡོད་སྐོར་སོགས་བཤད། གང་ལྟར། བདུན་ཕྲག་འདིའི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་ལ་བརྟེན་ཏེ་ཨ་རིའི་གཞུང་གིས་རྒྱ་ནག་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་བསྟན་ཡོད་པ་རེད།

ཚོང་ལས།
སྲིད་འཛིན་འོས་བསྡུའི་ལས་འགུལ་སྐབས། ཊི་རུམ་ཕིས་ཡང་ནས་བསྐྱར་དུ་རྒྱ་ནག་གི་ཉོ་ཚོང་སྲིད་ཇུས་དྲང་བདེན་མིན་པའི་ཁ་རྡུང་མང་པོ་བཏང་ཡོད་པ་མ་ཟད། དྲང་བདེན་མིན་པའི་ཐོག་ནས་རྒྱ་སྒོར་གྱི་འཛའ་ཐང་བཅག་སྟེ་ཚུལ་མིན་གྱི་ཁེ་བཟང་ལེན་གྱི་ཡོད་སྐོར་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད། ཁོས་ཨ་རིའི་སྲིད་དབང་བཟུང་རྗེས་དེ་སྔའི་གཏམ་བརྗོད་ཁག་གཞིར་བཟུང་གལ་སྲིད་རྒྱ་ནག་གིས་ཨ་རིར་དཔལ་འབྱོར་ཁྲོམ་རྭར་སྒོ་འབྱེད་མ་བྱས་ཚེ། ཁོས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཅན་ཨང་གཉིས་པ་རྒྱ་ནག་ལ་འགྲམ་ལྕག་གཞུ་སྲིད་པའི་ཉེན་བརྡ་བཏང་ཡོད།

བདུན་ཕྲག་སྔོན་མའི་ནང་ཁོས་སླར་ཡང་ཊི་ཝི་ཊི་ཐོག རྒྱ་ནག་གིས་ཨ་རིར་ཚོང་འབྲེལ་བྱེད་པ་འདྲ་མཉམ་ཡོང་གི་མེད་པའི་དཀའ་རྙོག་ལ་བརྟེན་ཏེ། ཐེངས་འདིར་ཞི་ཅིན་ཕིན་དང་ཁོ་གཉིས་ཐུག་འཕྲད་ལའང་དཀའ་ཁག་བཟོ་སྲིད་སྐོར་འཁོད་ཡོད། ན་ནིང་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་ལས་ཨ་རིར་ཨ་སྒོར་ཐེར་འབུམ་ ༣༡༠ ལྷག་གི་གྱོང་གུད་ཕོག་ཡོད་འདུག

ཊི་རུམ་ཕིས་ཨ་རྒྱའི་ཚོང་ལས་རྩོད་རྙོག་བེད་སྤྱད་དེ་བྱང་ཀོ་རི་ཡའི་འཇིགས་སྐུལ་ཟློག་ཐབས་སུ་རྒྱ་ནག་དང་མཉམ་ལས་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད། རྒྱ་ནག་ལའང་ཨ་རིའི་བཟོ་ལས་ཆེད་མཁས་པ་ཚོའི་གནོན་ཤུགས་ལས་ཐར་བའི་འདུན་པ་དྲག་པོ་ཡོད།

ཐའེ་ཝན།
ཊི་རུམ་ཕིས་ཐའེ་ཝན་སྲིད་འཛིན་ཚའེ་ཡེན་ཝན་གྱི་ཁ་པར་བླངས་པ་དང་། ཨ་རིའི་དུས་ཡུན་རིང་པོའི་ལངས་ཕྱོགས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་པ་དེས་རྒྱ་ནག་ལ་ཕོག་ཐུག་ཆེན་པོ་བཏང་ཡོད། རྒྱ་ནག་གཅིག་གི་སྲིད་ཇུས་ཟེར་བ་དེ་ཨ་རིས་ཐའེ་ཝན་མཚོ་འགག་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་བྱེད་དགོས་པ་དེ་རེད།

འོན་ཀྱང་རྗེས་སུ་ཊི་རུམ་ཕིས་ཞི་ཅིན་ཕིན་ལ་ཁ་པར་བཏང་བ་དེས་ཕྱོགས་གཉིས་ཀྱི་རྩོད་རྙོག་ཇེ་ལེགས་སུ་ཕྱིན་ཡོད། སྐབས་དེར་ཊི་རུམ་ཕིས་དེ་སྔའི་ཁོ་རང་གི་གཏམ་སྤྱོད་ཁག་ཅིག་ཕྱིར་འཐེན་བྱས་ཡོད། ཊི་རུམ་ཕིའི་འགྱུར་ལྡོག་དེ་པེ་ཅིན་གཞུང་དང་མཐུན་ཐབས་བྱས་པ་ཞིག་ཡིན་སྲིད་ཀྱང་། ཁོས་ཐའེ་ཝན་མཚོ་འགག་དེ་ཨ་རྒྱ་གཉིས་བར་ཁེ་ཕན་སྒྲུབ་ཐབས་སུ་བེད་སྤྱོད་བཏང་ཚེ། བྱེད་སྟངས་དེས་ཐའེ་ཝན་དམངས་གཙོའི་རྒྱལ་ཁབ་ཧ་ལས་སུ་འཇུག་ངེས།

རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ།
རྒྱ་ནག་གཞུང་གིས་ལྷོ་རྒྱུད་མཚོ་ཁུལ་ནི་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་བཤད་དེ། མཚོ་ཁུལ་དེའི་བྱེ་ཐང་དང་གླིང་ཕྲན་མང་པོའི་སྟེང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་མ་ཟད། གླིང་ཕྲན་ཁག་ཅིག་སྟེང་དྲག་ཆས་དམག་དཔུང་གི་རྟེན་གཞི་བཙུགས་ཡོད། གནད་དོན་དེར་ཝ་ཤིན་ཊོན་གཞུང་གིས་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་ཡོད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཊེ་ལིར་སོན་གཙོས་པའི་ཨ་རིའི་ནང་སྲིད་བློན་ཆེན་ཁག་ཅིག་གིས་པེ་ཅིན་གཞུང་གིས་ངེས་པར་དུ་བྱང་ཀོ་རི་ཡར་གནོན་ཤུགས་སྤྲོད་དགོས་པ་དང་། གལ་སྲིད་དེ་ལྟར་མ་བྱས་ཚེ་རྒྱ་ནག་གི་ལྷོ་རྒྱུད་མཚོ་ཁུལ་དུ་རྒྱལ་སྤྱིའི་མཚོ་འགྲུལ་རང་དབང་སྲུང་སྐྱོབ་བྱེད་དགོས་བྱུང་ཚེ་ཨ་རིས་རྩོད་གླེང་དེར་བར་འདུམ་བྱ་སྲིད་པའི་ཉེན་བརྡ་བཏང་ཡོད།

འགྲོ་བ་མིའི་ཐོབ་ཐང་།
འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་ཨ་རྒྱ་གཉིས་བར་གྱི་དུས་ཡུན་རིང་བོའི་རྩོད་རྙོག་ཆགས་ཡོད། ཊི་རུམ་ཕིས་ཨ་རིའི་སྲིད་དབང་བཟུང་རྗེས། རྒྱ་རིགས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མང་པོས། ཊི་རུམ་ཕིས་གཅིག་བྱས་ན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་དམངས་གཙོའི་དཀའ་རྙོག་ཐད་པེ་ཅིན་གཞུང་ལ་གནོན་ཤུགས་སྤྲོད་པར་རེ་ལྟོས་བྱས་ཡོད། འོན་ཀྱང་། སྲིད་འཛིན་ཊི་རུམ་ཕིས་རྒྱ་ནག་ནང་གི་དཀའ་རྙོག་དེ་དག་གླེང་སློང་ཙམ་ཡང་མ་བྱས་པར། ཁོས་ད་དུང་བཅར་འདྲི་ཞིག་གི་སྐབས་སུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དྲག་གནོན་ལ་བསྟོད་བསྔགས་བྱས་འདུག

ཕོ་བྲང་དཀར་པོའི་ཕྱོགས་ནས་ཨ་རྒྱ་གཉིས་ཀྱི་གྲོས་མོལ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་སྐོར་བསྒྲགས་ཀྱང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས། ཊི་རུམ་ཕི་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐེར་འདོན་བྱེད་པའི་གོ་སྐབས་མང་པོ་འཐུས་ཤོར་གཏོང་བཞིན་ཡོད་པའི་བློ་ཚུབ་བྱེད་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་ཨ་རིས་གནོན་ཤུགས་མ་སྤྲད་ཚེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དཀའ་ངལ་ཇེ་སྡུག་ཏུ་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད།

གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་བསྒྱུར་བྱས།

བསྐྱར་བཅོས།: ༢༠༡༧/༠༤/༠༦

Leave a Reply