ཞི་རྒོལ་བ་ཞིག་འཛིན་བཟུང་བྱས།

ཉེ་སྔོན་གསེར་རྟ་རྫོང་ཁྲོམ་གཞུང་དུ་བོད་མི་བསོད་ནམས་བཀྲ་ཤིས་ཞུ་བ་ཞིག་གིས་ཞི་རྒོལ་སྐད་འབོད་གནང་སྐབས་ཉེན་རྟོག་པས་བཙན་འཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་འདུག

ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༥ ཉིན་གསེར་རྟ་རྫོང་ཁྲོམ་གཞུང་དུ། བོད་མི་བསོད་ནམས་བཀྲ་ཤིས་ཞུ་བ་ཞིག་གིས་རླུང་རྟ་གཏོར་ཞོར་དུ་༧གོང་ས་མཆོག་ཁྲི་ལོར་ཤོག བོད་ལ་རང་དབང་དགོས་ཞེས་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་འགས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག

ཁོང་བཙན་འཁྲིད་བྱས་ཏེ་ཟླ་གཅིག་དང་ཟླ་ཕྱེད་ཙམ་ཕྱིན་པའི་རིང་། ཁྱིམ་མི་ཚོས་འབྲེལ་ཡོད་ལས་ཁུངས་ལ་སྐད་ཆ་དྲིས་ཏེ་རྩད་གཅོད་མང་པོ་བྱས་ཡོད་ཀྱང་། ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་སོགས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། བསོད་ནམས་བཀྲ་ཤིས་ལགས་ནི་གསེར་རྟ་རྫོང་གསེར་ཁོག་ཡུལ་ཚོའི་ཤོས་ཐལ་སྡེ་བ་ནས་ཡིན་པ་དང་། ད་ལྟ་རང་ལོ་ ༢༠ ལྷག་ཡིན་འདུག

གནས་ཚུལ་མཁོ་སྤྲོད་པས། འདི་ལོའི་ལོ་གསར་གྱི་སྔ་གཞུག་ནས་བཟུང་གསེར་རྟ་རྫོང་དུ་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ། ས་གནས་སེར་སྐྱ་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་སྔར་ལས་རྟོག་ཞིབ་ལྟ་སྲུང་ཟབ་ནན་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གར་ནང་གནས་སྐོར་གསུང་ཆོས་ཞུ་རུ་ཕེབས་མྱོང་ཡོད་པའི་བོད་མི་ཚོར་དམིགས་བསལ་གྱིས་དམ་དྲག་བྱེད་བཞིན་སྐོར་བརྗོད་བྱུང་ལ། ཕྱི་ལོ་ ༢༠༡༢ ལོའི་དཔྱིད་གསར་དུས་ཆེན་སྐབས། རྒྱ་ནག་གཞུང་གིས་གསེར་རྟ་རྫོང་དང་བྲག་མགོ་རྫོང་ཁོངས་ཀྱི་བོད་མི་ཞི་རྒོལ་བ་རྣམས་ལ་གཅར་རྡུང་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་གསེར་རྟ་བླ་རུང་སྒར་གྱི་གྲྭ་བཙུན་གྱི་གྲངས་འབོར་ཚད་འཛིན་དགོས་པར་བརྗོད་དེ། གྲྭ་ཤག་རྣམས་བཙན་གྱིས་གཏོར་ཏེ་གྲྭ་བཙུན་མང་པོ་ཕྱིར་འཕུད་བཏང་བ་སོགས་བཙན་གནོན་གདུག་རྩུབ་ཆེ་བའི་བྱ་སྤྱོད་སྤེལ་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “ཞི་རྒོལ་བ་ཞིག་འཛིན་བཟུང་བྱས།