ཟླ་འདིའི་ཕྱི་ཚེས་ ༡༤ ནས་ཚོཊ་དུས་གསུམ་པ་འཚོཊ་རྒྱུ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཟླ་འདིའི་ཕྱི་ཚེས་ ༡༤ ནས་དབུ་འཛུགས་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༧ དང་ ༢༠༡༨ ཀྱི་སྔོན་རྩིས་གཏན་འབེབས་གནང་རྒྱུ་ཡིན་པ་རེད།

སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཟླ་འདིའི་ཕྱི་ཚེས་ ༡༤ ནས་ ༢༥ བར་ཉིན་གྲངས་ ༡༡ རིང་འཚོགས་གཏན་འཁེལ་ཡོད་པ་ལྟར། འདི་གའི་གསར་འགོད་པས་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལ་ཚོགས་དུས་འདིའི་ལས་རིམ་སྐོར་ལ་བཅར་འདྲི་ཞུས་པ་ལྟར་ན། ད་ལན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༧ དང་ ༢༠༡༨ ཀྱི་སྔོན་རྩིས་གཏན་འབེབས་གནང་རྒྱུ་དང་། དེ་བཞིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་༧ པའི་གྲོས་ཆོད་མཇུག་སྐྱོང་གི་སྙན་ཐོ་གཅིག་དང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཆེད་འཛུགས་ཀྱིས་འདས་ལོར་མི་མང་ནང་འོས་བསྡུ་དང་འབྲེལ་བའི་དགོངས་འཆར་བསྡུ་ལེན་གནང་བའི་སྙན་ཐོ་བཅས་ཡོང་གི་ཡོད་པ་དང་། གཞན་ཡང་འཆར་ཅན་ལྟར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་། མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དང་དྲི་བ་དྲིས་ལན། ཐུགས་སྣང་ཞེན་སྐུལ་རིགས་སོགས་ཡོང་སྲིད་པ་རེད།

ད་ལན་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་ཞུ་དགོས་པའི་མི་སྣ་ག་ཚོད་ཡོད་མེད་སྐོར་ལ་ཁོང་གིས། འདས་ལོར་དགོངས་པ་རྫོགས་པའི་སྤྱི་ཟུར་དམ་པ་ཨ་མདོ་རིག་འཛིན་ལགས་དང་། ཉེ་སྔོན་སྐུ་ཚེ་མ་ཟིན་པའི་ཚོགས་དྲུང་ཟུར་པ་སྣར་སྐྱིད་ངག་དབང་དོན་འགྲུབ་ལགས། དེ་བཞིན་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༡༤༥ པ་བཀྲ་ཤིས་རབ་བརྟན་ལགས་བཅས་ཡོད་སྐོར་གསུངས་སོང་།

ཚོགས་དུས་འདིའི་ཐོག་ཕྱི་འབྲེལ་བཀའ་བློན་འོས་འདེམས་སོགས་དམིགས་བསལ་གྱི་ལས་རིམ་དེ་འདྲ་ཡོད་མེད་བཀའ་འདྲི་ཞུས་པར། ང་ཚོས་བདུན་ཕྲག་སྔོན་མ་ནས་བཀའ་ཤག་ལ་ལས་རིམ་དམིགས་བསལ་དེ་འདྲ་ཡོད་མེད་ཀྱི་ཡིག་ཆུང་ཕུལ་ཟིན་ཡོད་པ་དང་། ད་ལྟའི་བར་ལས་རིམ་འདི་དང་དེ་ཡོད་ཟེར་ནས་བཀའ་ལན་འབྱོར་མེད་ལ། ལས་རིམ་དེ་རིགས་གྲོས་ཚོགས་ཀྱི་ཉིན་གཅིག་གཉིས་སྔོན་ཙམ་མ་གཏོགས་ཡོངས་གྲགས་ཀྱིས་གསུང་གི་མེད་སྐོར་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply