འགད་གཏོར་དོན་རྐྱེན་གྱི་དོགས་ཡོད་མི་སྣ་ ༧ འཛིན་བཟུང་བྱས།

གཟའ་ཟླ་བའི་དགོང་མོར་དབྱིན་ཡུལ་མན་ཆ་སི་ཊར་གྲོང་ཁྱེར་དུ་འགད་གཏོར་བྱེད་མཁན་ཉེས་ཅན་པའི་ཨ་ཕ་དང་གཅེན་གཅུང་གཉིས་གཙོས་པའི་གནད་དོན་དེར་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་ ༧ འཛིན་བཟུང་བྱས་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་ ༢༢ ཉིན་གྱི་དགོང་མོར་དབྱིལ་ཡུལ་གྱི་མན་ཆི་སི་ཊར་གྲོང་ཁྱེར་གྱི་ཟློས་གར་ཁང་དུ་འབར་རྫས་འགད་གཏོར་བྱེད་མཁན་ཉེས་ཅན་སཱན་མན་ཨཱ་བྷི་དྷི་དང་འབྲེལ་བ་ཡོད་པའི་མི་སྣ་ ༧ འཛིན་བཟུང་བྱས་ཡོད་འདུག གཟའ་ཟླ་བའི་དོན་རྐྱེན་དེའི་ཁྲོད་མི་ ༢༢ འདས་གྲོངས་དང་མི་ ༦༤ ལ་རྨས་སྐྱོན་ཕོག་ཡོད།

ཁ་སང་ཉེས་ཅན་པ་ཨཱ་བྷི་དྷི་ཡི་ཨ་ཕ་རཱ་མ་དྷན་(Ramadan)དང་། གཅུང་པོ་ཧཱས་ཧིམ་(Hashem)གཉིས་ལའང་དོན་རྐྱེན་དེ་དང་འབྲེལ་བ་ཡོད་པར་དོགས་གཞིའི་འོག་ལཱི་བྷི་ཡའི་དམག་མིས་འཛིན་བཟུང་བྱས་ཡོད་པ་དང་། ཁ་ཉིན་དབྱིན་ཡུལ་གྱི་སྐོར་སྲུང་བས་ཁོའི་གཅེན་པོ་ཨཱིས་མཱེལ་(Ismail)མན་ཆི་སི་ཊར་གྲོང་ཁྱེར་ལྷོ་ཕྱོགས་ནས་འཛིན་བཟུང་བྱས་འདུག

མི་མང་ནང་དབྱིན་ཡུལ་དུ་ད་དུང་དྲག་སྤྱོད་དོན་རྐྱེན་འབྱུང་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་སྟབས། གནས་སྐབས་རིང་མི་མང་གིས་གཟབ་ནན་བྱེད་དགོས་སྐོར་དང་། ཐེངས་འདིའི་དོན་རྐྱེན་དེ་དབྱིན་ཡུལ་གྱི་འོས་བསྡུར་ཉེན་བརྡ་བཏང་བ་ཞིག་ཡིན་ཚུལ་བརྗོད་མཁན་ཡང་ཡོད་འདུག

འབར་རྫས་དོན་རྐྱེན་བྱུང་ཡུལ་དེར་ཉེན་རྟོག་པ་མང་པོ་འགྲེམ་འཇོག་བྱས་ཏེ་ད་དུང་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། དབྱིན་ཡུལ་ནང་སྲིད་དྲུང་ཆེ་ཨཱམ་བྷར་རུཌ་(Amber Rudd)ལགས་ཀྱིས། “རེས་གཟའ་ཟླ་བའི་འགད་གཏོར་དོན་རྐྱེན་དེ་སྔོན་ཆད་ཀྱི་དྲག་སྤྱོད་དོན་རྐྱེན་དག་དང་མི་འདྲ་བར་མགོ་རྙོག་ཆེན་པོ་ཞིག་རེད། དོན་རྐྱེན་དེ་ཕལ་ཆེར་ཨཱ་བྷི་དྷི་ཡིས་རང་འདོད་ལྟར་བྱས་པ་ཞིག་ཏུ་མཐོང་གི་འདུག” ཅེས་བརྗོད་འདུག

ཞིབ་འཇུག་ཚོགས་པས་དོན་རྐྱེན་དེ་བྱུང་ཡུལ་ནས་རྙེད་པའི་དངོས་པོ་འགར་ཧ་ཅང་གསང་རྒྱ་དམ་པོས་ཞིབ་འཇུག་བྱེད་བཞིན་ཡོད་ཀྱང་། གནས་ཚུལ་དེ་བྱུང་ནས་ཆུ་ཚོད་ ༢༤ རྗེས་ཨ་རིས་ཤེས་ཏེ་ནེའུ་ཡོག་དུས་བབ་གསར་ཁང་གིས་གསང་བ་ཕྱིར་བསྒྲགས་བྱས་པ་དེར་དབྱིན་ཡུལ་གྱིས་བློ་ཕམ་གྱི་རྣམ་འགྱུར་བསྟན་ཡོད་པ་དང་། བྷུ་རུ་སཱུལ་(Brussel)རྒྱལ་ཁབ་དུ་འཚོགས་འཆར་ཡོད་པའི་ཡུ་རོབ་བྱང་ཆིགས་སྒྲིག་འཛུགས་ཀྱི་ལྷན་ཚོགས་སྟེང་དབྱིན་ཡུལ་གྱི་སྲིད་བློན་ལྕམ་ཏི་རི་རྫ་མཱེ་ལགས་ཀྱིས་ཨ་རིའི་སྲིད་འཛིན་ཊི་རུམ་ཕིར་ཆེད་དུ་གནད་དོན་དེའི་སྐོར་གླེང་སློང་བྱེད་འཆར་ཡོད་འདུག

དྲག་སྤྱོད་དོན་རྐྱེན་ཞིབ་འཇུག་འགན་འཛིན་གྱིས། “དྲག་སྤྱོད་དོན་རྐྱེན་ལ་ཞིབ་འཇུག་བྱེད་བཞིན་པའི་མཚམས་སུ། འགན་འཁུར་མེད་མཁན་ཞིག་གིས་བར་འཚང་བྱས་ཏེ་ལག་སོན་བྱུང་བའི་དཔང་རྟགས་དེ་དག་ཕྱིར་བསྒྲགས་བྱས་པ་ནི། དོན་རྐྱེན་བྱུང་བའི་གོད་ཆག་ལས་ཀྱང་གནོད་འཚབ་ཆེ་བ་ཡོད།”ཅེས་བརྗོད་འདུག

ཐེངས་འདིའི་འགད་གཏོར་དོན་རྐྱེན་ལ་མྱ་ངན།

༡) ཨ་རིའི་གཞས་མ་ཨཱ་རི་ཡན་ནཱ་གྷི་རན་དྷི་(Ariana Grande)ཡིས་དབྱིན་ཡུལ་ལོན་ཏོན་དང་སྦེལ་ཇམ། པོ་ལེན། འཇར་མན་སོགས་ཀྱི་འཁྲབ་སྟོན་ལས་རིམ་ཡོངས་རྫོགས་ཕྱིར་འཐེན་བྱས་ཡོད།

༢) ཚེ་སྲོག་ཤོར་བའི་ནང་མི་རྣམས་ལ་སེམས་གསོའི་ཆེད་ཁ་སང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་དབྱིན་ཡུལ་རྒྱལ་ཡོངས་ནས་སྐར་མ་གཅིག་རིང་ལས་མཚམས་བཞག་སྟེ་མྱ་ངན་བྱས་ཡོད།

༣) འགར་གཏོར་དོན་རྐྱེན་ལ་བརྟེན་ཏེ་དབྱིན་ཡུལ་གྱི་འོས་བསྡུའི་ལས་འགུལ་མཚམས་འཇོག་བྱས་པ་དེ་རིང་ནས་ས་ཁུལ་སོ་སོ་དང་། སང་ཉིན་ནས་རྒྱལ་ཡོངས་ནས་འོས་བསྡུའི་ལས་འགུལ་མགོ་འཛུགས་བྱ་རྒྱུ་ཡིན་འདུག

༤) གཟའ་སྤེན་པར་དབྱིན་ཡུལ་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རུ་ཁག་(FA Cup)གི་རྩེད་འགྲན་མཐའ་མའི་ཐོག་རུ་ཁག་འགན་འཛིན་གྱིས་མགོ་ཁྲིད་དེ་ཅཱལ་སི་ཡཱ་(Chelsea)དང་ཨཱར་སི་ནལ་(Arsenal)རུ་ཁག་གཉིས་ཀྱི་རྩེད་འགྲན་པ་དང་ལྟད་མོ་བ་ཡོངས་ཀྱིས་མྱ་ངན་བྱ་རྒྱུ་ཡིན་འདུག

ཞིབ་འཇུག་པས་གང་བྱས་ཡོད་དམ།

གཟའ་ཟླ་བར་ཉེས་ཅན་པ་སཱལ་མན་ཨཱ་བྷི་དྷི་ཡིས་འབར་རྫས་འགད་གཏོར་དང་མཉམ་དུ་འདས་གྲོངས་ཕྱིན་ཡོད་པ་དང་། དབྱིན་གཞུང་གིས་ད་ལྟའི་བར་འགད་གཏོར་ཉེས་ཅན་གྱི་གཅེན་པོ་རང་ལོ་ ༢༣ ཡིན་པ་ཁོ་རང་གཙོས་པའི་མི་ ༧ འཛིན་བཟུང་བྱས་ཡོད། ཉེས་ཅན་གྱི་གཅུང་པོ་རང་ལོ་ ༢༠ ཡིན་པ་ཨཱིས་མཱེལ་དང་ཁོའི་ཨ་ཕ་གཉིས་ལཱི་བྷི་ཡའི་དམག་མིས་འཛིན་བཟུང་བྱས་ཏེ་རྒྱལ་ས་ཏྲི་པོ་ལི་(Tripoli)ལ་བཀག་ཉར་བྱས་ཡོད།

རྒོལ་འཛིང་བྱེད་མཁན་སུ་རེད།

ཐེངས་འདིའི་དྲག་སྤྱོད་དོན་བཟོ་མཁན་སཱལ་མན་ཨཱ་བྷི་དྷི་ཟེར་བའི་རང་ལོ་ ༢༢ ཡིན་པའི་ན་གཞོན་ཁོ་ཡིན་པ་དང་། ཁོ་ལཱི་བྷི་ཡའི་རྒྱལ་ཁབ་ནས་དབྱིན་ཡུལ་དུ་གནས་སྤོར་བྱས་པའི་ཕ་མ་ཞིག་ཏུ་སྐྱེས་ཤིང་། ༢༠༠༩ ལོ་ནས་ ༢༠༡༡ ལོའི་བར་བྷར་ཨེཇ་(Burnage)སློབ་གྲྭར་བསྐྱོད་ཡོད་པ་དང་། མན་ཆི་སི་ཊར་གྲོང་ཁྱེར་གྱི་མཐོ་སློབ་ཏུ་ ༢༠༡༣ ལོའི་བར་སློབ་གཉེར་བྱས་ཤིང་། སཱལ་ཕོཏ་(Salford)གཙུག་ལག་སློབ་གྲྭ་ནས་ཀྱང་སློབ་སྦྱོང་བྱས་ཡོད་འདུག

ཉེས་ཅན་པའི་སློབ་གྲོགས་ཤིག་གིས་བརྗོད་པ་ལྟར་ན། ཨཱ་བྷི་དྷི་ནི་རང་གི་ནང་མི་དང་འབྲེལ་བ་ཡག་པོ་མེད་པ་མ་ཟད། ནང་མིས་ཀྱང་ཁོ་བོ་བཅུན་ཏེ་དོན་སྙིང་ལྡན་པའི་མི་ཚེའི་ལམ་ཁ་ཞིག་བསྟན་ཐུབ་མེད་སྟབས། ཁོས་སློབ་སྦྱོང་ཡག་པོ་མ་བྱས་པར་གཙུག་ལག་སློབ་གྲྭ་ནས་མཐར་ཕྱིན་ཐུབ་མེད་པ་དང་། ཡུ་རོབ་ཀྱི་མི་ཚེའི་འགྲོ་ལུགས་ཀྱི་རྗེས་མ་ཆོད་པའི་ཁར་རང་གི་ཕ་མས་ཀྱང་ཕྱིར་ལཱི་བྷི་ཡར་འཁྲིད་རྩིས་ཡང་ཡང་བྱས་ཀྱང་ཕྱིན་མི་འདུག

མིང་བརྗོད་འདོད་མེད་པའི་ཉེས་ཅན་པའི་སློབ་གྲོགས་ཤིག་གིས་ཨཱ་བྷི་དྷི་ནི་དོན་དག་ཆུང་ཙག་རིགས་ལའང་ཁོང་ཁྲོ་ཆེན་པོ་ལངས་མཁན་ཞིག་ཡིན་པ་དང་། བར་སྐབས་ཤིག་ནས་སློབ་སྦྱོང་ལས་མང་བ་ཆོས་ལུགས་ལ་དོ་སྣང་བྱེད་མཁན་ཞིག་ཏུ་གྱུར་འདུག་ཟེར། ད་དུང་ཁོ་རང་གི་སློབ་གྲོགས་ཚོས་ཀྱང་ནམ་ཞིག་ཁོ་དྲག་སྤྱོད་པའི་གྲས་སུ་ཞུགས་ཨ་ཡོང་སྙམ་པའི་སེམས་ཚབ་བྱེད་བཞིན་ཡོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༢༥

Leave a Reply