འགྲེམས་སྟོན་བརྒྱུད་བརྗོད་མི་རུང་བའི་ལོ་རྒྱུས་ཀྱི་གནད་དོན་གླེང་གི་ཡིན།

རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དང་བསྟུན་བོད་མིའི་སྒྲིག་འཛུགས་ཀྱི་འགྲེམས་སྟོན་ཚན་པས་རྒྱ་ནག་གཞུང་ནས་བོད་ཀྱི་ལོ་རྒྱུས་རྫུན་བཟོ་དང་དངོས་ཡོད་གནས་སྟངས་སྦེད་གསང་འཁྱོག་བརྗོད་བྱེད་བཞིན་པ་གསལ་སྟོན་བྱས་ཏེ་བོད་ཀྱི་བདེན་པ་ར་སྤྲོད་གནང་བཞིན་འདུག


དེ་རིང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དང་བསྟུན་སྔ་དྲོའི་ཆུ་ཚོད་ ༩།༣༠ ཙམ་གྱི་ཐོག དྷ་ས་གཙུག་ལག་ཁང་གི་འཁྲིས་སུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག འགྲེམས་སྟོན་དང་ལོ་རྒྱུས་ཐོག་ལྟ་ཚུལ་མི་མཐུན་པའི་གནད་དོན། བརྗོད་མི་རུང་བའི་གནད་དོན་ཁག་འགྲེམས་སྟོན་བརྒྱུད་གླེང་བ་ཞེས་པའི་བརྗོད་གཞི་དང་འབྲེལ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་གཙི་གནང་བཞིན་འདུག་ལ། དེ་རིང་འགྲེམས་སྟོན་དབུ་འཛུགས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དེ་བཞིན་དྷ་ས་ཁུལ་གྱི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཀྱི་སྐུ་ཚབ། དྷ་ཤོད་བོད་ཁྱིམ་གྱི་དགེ་སློབ་ཁག་ཅིག་བཅས་འཛོམས་འདུག

མཛད་སྒོའི་ཐོག་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ད་ལོའི་འགྲེམས་སྟོན་གྱི་བརྗོད་གཞི་དང་འབྲེལ་ཏེ་དངོས་བྱུང་ལོ་རྒྱུས་ར་སྤྲོད་ཀྱི་གལ་གནད་རང་བཞིན་སྐོར་ལ་ཁོང་གིས། ད་ལོར་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ནས་འགྲེམས་སྟོན་དང་ལོ་རྒྱུས་ཐོག་ལྟ་ཚུལ་མི་མཐུན་པའི་གནད་དོན། བརྗོད་མི་རུང་བའི་གནད་དོན་ཁག་འགྲེམས་སྟོན་བརྒྱུད་གླེང་བ་ཞེས་པའི་བརྗོད་གཞི་བདམས་པའི་དགོས་དམིགས་གཙོ་བོ་ནི། ལོ་རྒྱུས་གལ་ཆེན་པོ་ཡིན་ལ། ལོ་རྒྱུས་དངོས་ལ་གཞི་བཅོལ་ཏེ་ལོ་རྒྱུས་ཀྱི་རྩོད་རྙོག་དང་ལྟ་ཚུལ་མི་མཐུན་པ་མང་པོ་ཡོང་གི་ཡོད་པ་དེ་ཚོ་འགྲེམས་སྟོན་བརྒྱུད་མི་མང་ལ་གོ་རྟོགས་སྤེལ་བ་དང་། དངོས་བྱུང་ལོ་རྒྱུས་གསལ་ཁ་འདོན་པ་དང་། ལྟ་ཚུལ་མི་མཐུན་པ་རྣམས་གཅིག་མཚུངས་ཤིག་ཡོང་ཐུབ་པའི་དམིགས་ཡུལ་བཟུང་སྟེ་བདམས་པ་ཡིན་ལ། ལོ་རྒྱུས་ནི་མི་རིགས་ཤིག་གི་ངོ་བོ་འགྲེལ་བཤད་རྒྱག་པའི་ལག་ཆ་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། བོད་ཀྱི་འགྲེམས་སྟོན་ཁང་ནས་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་གི་བོད་ཀྱི་ལོ་རྒྱུས་དང་། བཙན་བཟུང་བྱས་རྗེས་ཀྱི་ལོ་རྒྱུས། དེ་བཞིན་ད་ལྟའི་གནས་སྟངས་སོགས་ལོ་རྒྱུས་དངོས་ལ་གཞི་བཅོལ་ནས་འགྲེམས་སྟོན་བྱས་ཏེ། བོད་པ་ཙམ་མ་ཟད་ཕྱི་རྒྱལ་གྱི་མི་རིགས་ཚོར་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་ངོ་མ་ར་སྤྲོད་གནང་བཞིན་ཡོད་ལ། འདས་པའི་ལོ་ལྔ་ནང་འགྲེམས་སྟོན་ཚན་པས་སྐོར་སྐྱོད་འགྲེམས་སྟོན་གྱི་བརྗོད་གཞི་ཁག་བདུན་གནང་ཡོད་སྐོར་སོགས་བརྗོད་སོང་།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོར་ཆ་ཤས་བླངས་ཏེ་རྒྱལ་སྤྱིའི་ཐོག་བོད་ལ་བདེན་པ་ཡོད་པའི་དཔང་རྟགས་འདྲ་མིན་གསལ་སྟོན་ཐུབ་དགོས་པ་དེ་གལ་ཆེན་པོ་ཡིན་སྐོར་ཁོང་གིས་། ན་ནིང་ལོར་འཛམ་གླིང་གི་རྒྱལ་ཁབ་ཁག་ ༣༥༠༠༠ ལྷག་གིས་འགྲེམས་སྟོན་ཉིན་མོར་ཆ་ཤས་བླངས་ཡོད་པ་དང་། དགོས་རྒུ་(google)ནང་འཚོལ་ཞིབ་བྱས་པ་ཡིན་ན་དྷ་རམ་ས་ལའི་བོད་ཀྱི་འགྲེམས་སྟོན་ཁང་ཡང་དེའི་ནང་དུ་ཚུད་ཡོད། རྒྱ་ནག་གཞུང་ནས་འཛམ་གླིང་སྤྱི་ཡོངས་ཀྱི་སྡིངས་ཆའི་ཐོག་བོད་དང་བོད་པའི་རྩ་དོན་དེ་བསླེབས་མི་ཐུབ་པར་འབད་བརྩོན་ཞེ་དྲགས་བྱེད་ཀྱི་ཡོད་པ་ལྟར། སྐབས་རེར་དགོས་རྒུ་ནང་བོད་ཅེས་པའི་ཚིག་དེ་འཚོལ་ཞིབ་བྱེད་སྐབས་རྒྱ་ནག་གིས་བྲིས་པའི་བོད་ཀྱི་སྐོར་དེ་སླེབ་ཡོང་གི་ཡོད་པར་བརྟེན། འགྲེམས་སྟོན་བརྒྱུད་ལོ་རྒྱུས་ཀྱི་བདེན་པ་ང་ཚོར་ཡོད་ཅེས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོར་བོད་ཀྱི་འགྲེམས་སྟོན་ཁང་དེ་རྒྱལ་སྤྱིའི་འགྲེམས་སྟོན་ནང་ཚུད་པ་ཡིན་ན་བོད་ཀྱི་རྒྱལ་དར་ཆུང་ཆུང་ཞིག་རྒྱལ་སྤྱིའི་ཐོག་བསླངས་ཐུབ་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཧམ་བཤད་བྱས་ཏེ་ག་ཚོད་འགྲོ་སོང་ཆེན་པོ་བཏང་སྟེ། བོད་དང་བོད་དོན་གསུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ནའང་ང་ཚོར་བདེན་པ་ཡོད་པ་དེ་གསུབ་མི་ཐུབ་པའི་ཆེད་དུ་བོད་ཀྱི་འགྲེམས་སྟོན་ཁང་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོར་ཆ་ཤས་ལེན་གྱི་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས། ཉེ་ཆར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་སྙན་ཐོའི་ནང་དུའང་ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་ཡང་དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་ཡག་ཤོས་དེ་ཡིན་པའི་ལངས་ཕྱོགས་གསལ་འདོན་གནང་ཡོད་པ་དང་། བོད་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པ་དེ་བོད་ཀྱི་འགྲེམས་སྟོན་ཁང་བརྒྱུད་དེ་ལོ་རྒྱུས་ཡིག་ཆ་དང་ས་ཁྲ་སོགས་ག་རེ་ཡོད་པ་ཡིན་ནའང་དེ་ཚོ་འགྲེམས་སྤེལ་བྱེད་པའི་ལྟེ་གནས་དེ་ཆགས་ཡོད་ལ། ལོ་རྒྱུས་ཡིག་ཆ་ཡིན་ནའང་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་དཔང་རྟགས་བསྟན་ཏེ་བདེན་པ་ར་སྤྲོད་བྱེད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་པ་དང་། འགྲེམས་སྟོན་ཁང་གལ་ཆེན་པོ་ཡིན་པ་ལྟར་མ་འོངས་པར་བོད་ཀྱི་འགྲེམས་སྟོན་ཁང་ཡར་རྒྱས་རྒྱ་སྐྱེད་གཏོང་བའི་དམིགས་ཡུལ་དང་འཆར་གཞི་མང་པོ་ཡོད་སྐོར་གསུངས་སོང་།

འདི་ལོའི་ཉིན་གྲངས་གཉིས་རིང་གི་འགྲེམས་སྟོན་ལས་རིམ་ནང་བོད་ཀྱི་ལོ་རྒྱུས་པར་རིས་མང་པོ་འགྲེམས་སྟོན་དང་སྦྲགས། ཆབ་སྲིད་བཙོན་ཟུར་གྲྭ་བག་བྲོ་ལགས་ནས་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གིས་བཙན་འཁྲིད་ཀྱིས་གར་ཡོད་ཅི་བྱུང་མེད་པར་གྱུར་བའི་སྐོར་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ནས་མཐོ་སྒང་བོད་ཀྱི་གལ་གནད་རང་བཞིན་སྐོར་ལ་གཏམ་བཤད་གནང་བ་། གཞན་ཡང་བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ནས་དེང་དུས་རི་མོའི་སྒྱུ་རྩལ་སྐོར་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བསྟན་འཛིན་ཆོས་འཛིན་ལགས་ནས་བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་སྐོར་བཅས་ལ་གཏམ་བཤད་དང་། བོད་སྐོར་དངོས་བྱུང་གློག་བརྙན་གཟིགས་འབུལ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོས་གཞས་སྣ་འཁྲབ་སྟོན་སོགས་གནང་གི་ཡོད་པ་རེད།

ཕྱི་ལོ་ ༡༩༧༧ ལོར་ཐོག་མར་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་གཙི་དབུ་འཛུགས་གནང་ཡོད་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་འགྲེམས་སྟོན་ལྷན་ཚོགས་ཀྱི་གཙོ་གཉེར་འོག་ལོ་ལྟར་འཛམ་གླིང་གི་རྒྱལ་ཁབ་ ༡༤༥ ཡི་འགྲེམས་སྟོན་ཁང་ ༣༥༠༠༠ ལྷག་ནས་ཉིན་མོ་འདི་སྲུང་གཙི་གནང་བཞིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་འགྲེམས་སྟོན་ཚན་པ་ནས་ཉིན་མོ་འདི་སྲུང་གཙི་གནང་བ་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་ཕྱི་ལོ་ ༡༩༩༩ ལོར་གསར་འཛུགས་གནང་སྟེ་བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་བྱུང་རབས་ལོ་རྒྱུས་འགྲེམས་སྟོན་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དང་། ད་ལྟའི་དངོས་ཡོད་གནས་སྟངས་ལ་རྫུན་བཟོ་སྦེད་གསང་སྣ་ཚོགས་བྱས་ཏེ། བོད་རྒྱ་མི་རིགས་གཉིས་ཀྱི་གཙོས་འཛམ་གླིང་མི་མང་ལ་མགོ་སྐོར་བསླུ་བྲིད་གཏོང་བཞིན་ཡོད་པར་བརྟེན། དངོས་བྱུང་ལོ་རྒྱུས་ཀྱི་པར་རིས་ཡིག་ཆ་དང་། མིག་མཐོང་ལག་ཟིན་གྱི་དངོས་འབྲེལ་གློག་བརྙན། ཆེད་དོན་བགྲོ་གླེང་སོགས་ཀྱི་ལམ་ནས་དོན་དངོས་ར་སྤྲོད་གནང་བཞིན་ཡོད་པ་དང་། དྷ་ས་ཁུལ་དུ་རྒྱ་གར་གྱི་གཙོས་ཕྱི་རྒྱལ་ཁག་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན་འགྲེམས་སྟོན་ཁང་དུ་གཟིགས་སྐོར་གནང་མཁན་ལོ་རེར་ཁྲི་ ༨ ལྷག་རེ་ཡོང་གི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༡༨

Leave a Reply