འཇར་མན་གྱི་སྲིད་འཛིན་གསར་འདེམས།

སི་ཨན་ཨན་གྱིས་གནས་ཚུལ་སྤེལ་བ་ལྟར་ན།  ཁ་སང་ཕྱི་ཚེས་ ༡༢ ཉིན་འཇར་མན་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་ཚོགས་མི་སྐུ་ཞབས་ཧྥི་རན་ཁུ་བོལ་ཊར་སི་ཌིན་མཱེར་ (Frank-Walter Steinmeier)ལགས་སྲིད་འཛིན་དུ་བདམས་འཐོན་བྱུང་ཡོད་འདུག

photoའཇར་མན་གྱི་སྲིད་གཞུང་གྲུབ་སྟངས་ལྟར་ན། སྲིད་བློན་ནི་རྒྱལ་ཁབ་ཀྱི་གོ་གནས་མཐོ་ཤོས་དང་དབང་ཆ་ཆེ་ཤོས་ཡིན་པ་དང་། སྲིད་འཛིན་རྒྱལ་ཁབ་ནང་ཁུལ་གྱི་ལས་དོན་ཆུང་ཚགས་རིགས་ལ་འགན་འཁུར་དགོས་ཀྱི་ཡོད་འདུག ཡིན་ནའང་སྐུ་ཞབས་སི་ཌིན་མི་ལགས་ཀྱིས་དེ་སྔོན་སྲིད་བློན་མཱ་ཁེལ་ལགས་ཀྱི་འོག་ཏུ་སྲིད་བློན་གཞོན་པའི་འགན་འཁུར་མྱོང་སྟབས། ཐེངས་འདིའི་འོས་འདེམས་སྐབས་ཁོང་ལ་གྲོས་ཚོགས་འཐུས་མི་ ༡༢༥༣ ལས་འོས་གྲངས་ ༩༣༡ འཐོབ་སྟེ་ཚད་མཐོ་བའི་མང་མོས་ཐོབ་ཡོད་འདུག

སྲིད་འཛིན་ལས་ཐོག་པ་སྐུ་ཞབས་ཇོ་ཆིམ་གཱ་ཁི་(Joachim Gauck) ལགས་བསྐྱར་དུ་སྲིད་འཛིན་འོས་མིར་ལངས་རྒྱུ་མིན་པར།  འབྱུང་འགྱུར་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་པ་དང་། ཁོའི་ཚབ་ཏུ་སྲིད་འཛིན་གསར་བ་སྐུ་ཞབས་སི་ཌིན་མི་ལགས་ཀྱིས་ཟླ་དེའི་ཚེས་ ༡༩ ཉིན་སྲིད་འཛིན་ལས་འཁུར་ཞུ་རྒྱུ་ཡིན་འདུག

དགུང་གྲངས་ ༦༡ ཡིན་པའི་སྐུ་ཞབས་སི་ཌིན་མཱེར་ལགས་ནི་དེ་སྔོན་རྒྱུན་པར་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ལ་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པ་དང་། ལོ་སྔོན་མའི་ཕྱི་ཟླ་བརྒྱད་པའི་ནང་ཁོས་ཊི་རུམ་ཕི་ནི་ལོག་ལྟ་བཤད་མཁན་ཞིག་རེད་ཅེས་བརྗོད་དེ། སྐད་ཆ་དེས་ཁོང་ནི་ཆབ་སྲིད་ཀྱི་འཇིགས་ཉེན་ཚོར་བའི་ཡུ་རོབ་ཀྱི་གཤོག་པ་གཡས་བ་རེད་ཅེས་སྐད་གྲགས་ཆགས་ཡོད་སྐོར་ཇར་མཱན་གསར་ཁང་ (DPA)གིས་གནས་ཚུལ་སྤེལ་འདུག

ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌོ་ནལ་ཌི་ཊུ་སིཀ (Donald Tusk )ལགས་ཀྱིས། སྐུ་ཞབས་སི་ཌིན་མཱེར་ལགས་སུ་རྟེན་འབྲེལ་ཞུས་ཏེ། ཁྱེད་རང་ཡུ་རོབ་གཉན་འཕྲང་གི་དུས་ཚོད་ནང་སྲིད་འཛིན་དུ་བདམས་ཡོད། ང་ཚོས་གདོང་ལེན་བྱེད་ཀྱིན་པའི་ཡུ་རོབ་ཕྱི་ནང་གི་དཀའ་ངལ་མང་པོ་ཞིག་ད་དུང་ཁག་ཏུ་འགྲོ་སྲིད་ཀྱང་། ད་ལྟའི་དུས་ཚོད་འདིར་ང་ཚོ་ཡུ་རོབ་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་བྱ་རྒྱུ་ཧ་ཅང་གལ་ཆེན་དང་། ང་རང་གི་རེ་བར་འཇར་མཱན་གྱིས་ཡུ་རོབ་མཐུན་ཚོགས་ཀྱི་ལས་གཞི་ཁག་ལ་མི་མཐུད་དེ་མཐུན་འགྱུར་རོགས་རམ་བྱེད་པའི་རེ་བ་ཡོད་ཅེས་བརྗོད་ཡོད་འདུག

འཇར་མན་ནི་ཡུ་རོབ་མཐུན་ཚོགས་འོག་གི་ཚོང་འབྲེལ་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཡུ་རོབ་ནང་ཡོང་བཞིན་པའི་སྐྱབས་བཅོལ་བའི་དཀའ་ངལ་སོགས་དཀའ་ངལ་མང་པོ་ཞིག་ལ་རམ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་འདུག ཉེ་བའི་ལོ་ངོ་གཉིས་རིང་འཇར་མན་སྲིད་བློན་ཨ་གྷི་ལ་མཱེ་ཁེལ་གཞུང་གིས་སྒོ་འབྱེད་སྲིད་བྱུས་ཞེས་པའི་སྲིད་ཇུས་གསར་བ་ཞིག་ལག་བསྟར་བྱས་ཏེ་སྐྱབས་བཅོལ་བ་ས་ཡ་གཅིག་ལྷག་བླངས་ཡོད་འདུག

ད་ལྟའི་ཆར་ལྕམ་ཨན་ཇི་ལཱ་མཱ་ཁེལ་ (Angela Merkel.)ལགས་ཀྱིས་འཇར་མན་གྱི་སྲིད་བློན་ལས་འགན་འཁུར་ཏེ། རྒྱལ་སྤྱིའི་སྡིངས་ཆ་དང་གཞུང་གི་ལས་དོན་གལ་ཆེན་ཁག་ཐག་གཅོད་གནང་བཞིན་ཡོད་པ་རེད།

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “འཇར་མན་གྱི་སྲིད་འཛིན་གསར་འདེམས།

  1. སྲས་སྐུ་ངོ་།

    འཇར་མན་གྱི་སྲིད་འཛིན་ལ་གོ་གནས་ཐོ་ཤོས་ཡོད་པ་རེད་མ་གཏོགས་དབང་ཆ་ཆེས་ཤོས་མ་རེད། དབང་ཆ་ཆེས་དེ་ཤོས་ལྕམ་མེལ་ཀེལ་ཨན་ཇེ་ལགས་རེད་དོ།དཔེར་ན། རྒྱ་གར་གྱི་སྲིད་འཛིན་དང་གཅིག་མཚུངས་རེད།