འཇིགས་སྣང་ཆེ་བའི་བྲོས་བྱོལ་བ་ཚོ་ཁེ་ན་ཌར་ཕེབས་ཤོག

ཊི་རུམ་ཕི་ཡིས་ཁ་ཆེ་རྒྱལ་ཁབ་བདུན་གྱི་སྐྱབས་བཅོལ་བ་བཀག་སྡོམ་ཕྱིར་འཕུད་གཏོང་རྒྱུའི་ཐག་གཅོད་བྱས་རྗེས་ཁེ་ན་ཌའི་གཞུང་གིས་ཨ་རིའི་ནང་གི་གནས་སྤོ་མི་མང་ལ་གནས་ཚང་གཡར་རྒྱུའི་རྣམ་འགྱུར་བསྟན་འདུག

TibetTimes

བྷི་བྷི་སི་དང་རེའུ་ཊིར་སོགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཚེས་ ༢༨ ཉིན་ཁེ་ན་ཌའི་སྲིད་བློན་སྐུ་ཞབས་རྗ་སི་ཊེན་ཊི་རུ་ཌེའུ(Justin Trudeau)ཡིས་ཨ་རིས་གནས་སྐབས་རིང་སྐྱབས་བཅོལ་བ་བཀག་སྡོམ་བྱས་པ་དེར་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་པ་དང་།   ཁོང་གིས་སྤྱི་ཚོགས་དྲ་ལམ་འཕྲུལ་དྲའི་ངོས་སུ་ “འཇིགས་སྐུལ་དྲག་སྤྱོད་པ་དང་དམག་འཁྲུག་ཁྲོད་ནས་བྲོས་བྱོལ་གྱི་དཀའ་ངལ་མྱོང་བཞིན་པ་དག་ཁེ་ན་ཌར་ཕེབས་ཤོག་” ཅེས་སྤེལ་ཏེ། ཨ་རིའི་གཞུང་གིས་ཕྱུར་འཕུད་དང་བཀག་འགོག་བྱས་པའི་ཁ་ཆེ་རྒྱལ་ཁབ་དེ་དག་གི་མི་སེར་ཚོ་ཁེ་ན་ཌར་སྐྱབས་བཅོལ་དུ་ཡོང་པར་དམིགས་བསལ་ཡོད་ཚུལ་བརྗོད་ཡོད་འདུག

ཊེན་ཊི་རུ་ཌེའུ་ཡི་གསར་འགོད་དྲུང་ཆེ་ཡིས་བརྗོད་གསལ་ལྟར་ན། ཁེ་ན་ཌའི་སྲིད་བློན་གྱིས་མི་རིང་བར་སྲིད་འཛིན་ཊི་རུམ་ཕུ་ལ་ཁེ་ན་ཌའི་སྐྱབས་བཅོལ་དང་གནས་སྤོ་སྲིད་ཇུས་སྐོར་ལ་གྲོས་སྡུར་བྱ་རྒྱུ་ཡིན་པ་དང་། ད་ལྟ་ད་དུང་གྲོས་སྡུར་གྱི་ཟླ་ཚེས་གཏན་འཁེལ་མེད་སྐོར་བརྗོད་འདུག

སྲིད་འཛིན་ཊི་རུམ་ཕིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་མེ་ཁི་ཧྥུ་ལེན་(Mike Flynn)གྱིས་ཁེ་ན་ཌའི་ཕྱི་སྐྱོད་ལག་འཁྱེར་བཟུང་ཡོད་མཁན་ཚོར་བཀག་འགོག་སྲིད་ཇུས་ཀྱིས་གནོད་སྐྱོན་གང་ཡང་མེད་པར་བརྗོད་ཡོད་པ་དང་།   ཁེ་ན་ཌའི་སྲིད་བློན་མགྲིན་ཚབ་མས་ཀྱང་ “ ཁེ་ན་ཌའི་ཕྱི་སྐྱོད་ལག་ཁྱེར་བཟུང་ཡོད་པའི་འགྲིལ་སྐྱོད་པ་ཚོར་དཀའ་ངལ་གང་ཡང་མེད་པར་ནམ་རྒྱུན་ལྟར་ཡིན།” ཞེས་བརྗོད་ཡོད་འདུག

གཟའ་པ་སངས་ཉིན་སྲིད་འཛིན་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་ཨ་རིའི་ནང་གི་སྐྱབས་བཅོལ་བ་ཕྱུར་འཕུད་དང་ཕྱི་ནས་སྐྱབས་བ་བཅོལ་བ་གསར་དུ་ཡོང་བ་བཅས་ཀྱི་གནད་དོན་ཐག་གཅོད་མ་བྱས་བར་གནས་སྐབས་རིང་སྐྱབས་བཅོལ་ལས་དོན་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱས་ཡོད་ཅིང་། ཨ་རིས་སྐྱབས་བཅོལ་བ་བཀག་སྡོམ་བྱེད་ཡུལ་གྱི་ཁ་ཆེ་རྒྱལ་ཁབ་ ༧ ནི། ཨེ་རག(Iraq)་དང་སེ་རི་ཡཱ(Syria )། སོ་དྷན།(Sudan) ཨེ་རེན།(Iran) སོ་མཱ་ལེ་ཡཱ།(Somalia) ལེ་བྷེ་ཡཱ།(Libya) ཡཱ་མེན།(Yemen)སོགས་ཡིན་འདུག ཊི་རུམ་ཕི་ཡིས་སྐྱབས་བཅོལ་ཕྱིར་འཕུད་ལས་གཞི་དེ་ཉིན་ ༩༠ ནང་ཚུན་ཡིན་པ་དང་། ཁ་སང་ནས་གོང་གསལ་ཁ་ཆེའི་རྒྱལ་ཁབ་བདུན་གྱི་འགྲིལ་སྐྱོད་པ་དག་ཨ་རིར་ཡོང་མཚམས་བཞག་ཡོད་འདུག

འདས་པའི་ཟླ་ ༡༣ རིང་ཁེ་ན་ཌའི་གཞུང་གིས་སེ་རི་ཡཱའི་སྐྱབས་བཅོལ་བ་ ༤༠.༠༠༠ ལྷག་བླངས་ཡོད་འདུག་ལ། ༢༠༡༧ ལོ་ཁེ་ན་ཌའི་གཞུང་གིས་གནས་སྤོ་བ་ ༣༠༠.༠༠༠ ལྷག་ལེན་འཆར་ཡོད་པ་དང་། མང་ཆེ་ཤོས་དཔལ་འབྱོར་གནས་སྤོ་བ་ཡིན་ན་ཡང་། དེ་དག་ལས་ ༤༠.༠༠༠ ཙམ་སྐྱབས་བཅོལ་བ་ཡིན་ཚུལ་བརྗོད་འདུག

སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “འཇིགས་སྣང་ཆེ་བའི་བྲོས་བྱོལ་བ་ཚོ་ཁེ་ན་ཌར་ཕེབས་ཤོག

  1. ཁེ་ན་ཊ་རླུང་རྟ་ཆགས་གྲབས་ཡོད་སར་རེད།ཁ་ཆེ་བ་དེ་དག་དགའ་བསུ་ཞུ་ན་འབར་རྫས་ཀྱི་རྗེས་ལ་ཐུགས་རྗེ་ལེགས་འབུལ་ཞུ་ངེས།