འདས་པའི་ལོ་གཅིག་མ་ཟིན་ཙམ་ནང་བོད་མི་ ༡༠༠ ལྷག་བཙན་བྱོལ་དུ་བསླེབས།

འདས་ལོའི་ཕྱི་ཟླ་ ༤ པ་ནས་ད་ལྟའི་བར་བོད་ནས་རང་ལོ་བརྒྱད་དགུ་ཅན་གྱི་བྱིས་པ་བཅས་མི་གྲངས་ ༡༠༠ ལྷག་བཙན་བྱོལ་དུ་འབྱོར་བའི་ནང་མཆིན་པའི་གཉན་ཚད་ཅན་གྱི་ནད་པ་གཉིས་གསུམ་ཞིག་བྱུང་འདུག

IMG_7041 དེ་རིང་འདི་གའི་གསར་འགོད་པས་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་འགན་འཛིན་དྲུང་འཕར་དཔལ་ལྡན་དོན་འགྲུབ་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་དེ་རིང་གི་བར་དུ་བོད་ནས་ཁྱོན་བོད་མི་ ༡༠༠ ལྷག་བཙན་བྱོལ་དུ་ཡོང་ཡོད་པ་དང་། བཙན་བྱོལ་བ་ཆུང་ཤོས་ལོ་བརྒྱད་དགུ་ཙམ་དང་ཆེ་ཤོས་ལོ་ ༥༠ ཡས་མས་ཡིན་ཞིང་། ཁོང་ཚོའི་ནང་ནས་མང་ཆེ་བ་ཞིག་གདན་ས་གསུམ་གྱི་གཙོས་དགོན་པ་གྲྭ་ཚང་ཁག་ཏུ་ཕེབས་ཡོད་པ་དང་། ལོ་ཆུང་བའི་རིགས་གང་འཚམ་ཞིག་ཤེས་རབ་དགའ་ཚལ་སློབ་གླིང་དང་སུ་ཇ་བོད་ཁྱིམ་སོགས་སུ་ཕེབས་ཡོད་འདུག ལོ་ན་ཅུང་ཆེན་པོ་ཡིན་པའི་ཉུང་ཤས་ཤིག་ཐོག་མའི་འཆར་གཞི་ལྟར་བཞུགས་སྒར་དྷ་རམ་ས་ལ་དང་། ལྷོ་ཕྱོགས་སོགས་སུ་ནང་མི་སྤུན་མཆེད་མཉམ་དུ་རང་དགར་འཚོ་བ་རོལ་ནས་བསྡད་ཡོད་པ་དང་། འདས་པའི་ལོ་གཅིག་གཉིས་དང་བསྡུར་ན་ད་ལོར་མི་ཅུང་མང་བ་བསླེབས་ཡོད་འདུག

རྒྱ་ནག་གཞུང་དང་བོད་མིའི་ངོས་ནས་དེང་སང་བོད་ནང་འགྱུར་ལྡོག་དང་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་ལུགས་བརྗོད་ཀྱི་ཡོད་ཀྱང་། གསར་དུ་འབྱོར་བའི་བོད་མི་བརྒྱ་སྐོར་དེས་རང་ཡུལ་བཞག་སྟེ་བཙན་བྱོལ་དུ་ཕེབས་པའི་དམིགས་ཡུལ་ཅི་ཡིན་དྲིས་པར་ཁོང་གིས། བོད་མི་དེ་ཚོའི་ནང་ནས་མང་ཆེ་བ་ཞིག་ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་སྐྱེས་པའི་གཞོན་སྐྱེས་རྐྱང་རྐྱང་ཡིན་པ་དང་། ཁོ་རང་ཚོའི་དམིགས་ཡུལ་གཙོ་བོ་ནི་བོད་ཡིག་དང་དབྱིན་ཡིག་ཡག་པོ་ཞིག་སྦྱོང་ཐུབ་ན་བསམ་པ་དང་། དེ་བཞིན་གདན་ས་ཁག་ནས་དཔེ་ཆར་ཡག་པོ་ལྟ་རྒྱུ་དང་ཆོས་ཡག་པོ་ཞིག་བྱེད་ཐུབ་ན་བསམ་པ་རེད་འདུག རྩ་བའི་བོད་ནང་དུ་བོད་ཡིག་དང་དབྱིན་ཡིག་ཅུང་ཙམ་སྦྱོང་བའི་གོ་སྐབས་ཡོད་སྲིད་པ་རེད་དེ། བཙན་བྱོལ་ནང་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེའི་འོད་ཟེར་གྱིས་བོད་ཡིག་དབྱིན་ཡིག་སོགས་ཤེས་ཡོན་ག་རེ་སྦྱོང་འདོད་ཡོད་ནའང་སྦྱོང་བའི་གོ་སྐབས་བཟང་པོ་ཞེ་དྲག་ཅིག་རིན་མེད་ཀྱི་ཐོག་ནས་སོ་སོའི་ལྟོ་གོས་གནས་མལ་བཅས་གསོལ་རས་གནང་བཞིན་ཡོད་སྟབས། སློབ་སྦྱོང་གི་གོ་སྐབས་འཛིན་དུ་བསླེབས་པ་རེད་འདུག སྔོན་མ་བོད་ནས་མང་པོ་བསླེབས་ནས་མཐོ་རིམ་སློབ་སྦྱོང་ཆ་ཚང་ཐོན་ཏེ། གཞུང་དང་སྒེར་གྱི་ཕྱག་ལས་ཡག་ཐག་ཆོད་གནང་མཁན་མང་པོ་ཡོད་པ་དང་། ད་ལྟའང་བོད་ནས་ཡོང་མཁན་མང་པོ་ཞིག་ལ་བོད་ཡིག་དང་དབྱིན་ཡིག དེ་བཞིན་རྒྱལ་སྤྱིའི་སློབ་སྦྱོང་གནང་བའི་འདུན་པ་ཤུགས་ཆེན་པོ་ཡོད་པ་མངོན་གསལ་དོད་པོ་རེད་འདུག ཅེས་བརྗོད་བྱུང་།

IMG_70441བོད་ནང་གི་འཕྲོད་བསྟེན་དོ་ཁུར་ཅན་གྱི་ཚོགས་པ་དང་མི་སྒེར་མང་པོས་དེང་སང་བོད་ནང་དུ་གཉན་ནད་རག་དུག་དང་མཆིན་པའི་གཉན་ཚད། གློ་བའི་ཚ་ནད་སོགས་སྔར་གོ་ཐོས་དཀོན་པའི་ནད་རིགས་མང་པོ་དར་ཁྱབ་ཏུ་འགྲོ་བཞིན་པ་བརྗོད་ཀྱི་ཡོད་ལ། བཙན་བྱོལ་བ་རྣམས་བོད་ནས་སྣེ་ལེན་ཁང་དུ་འབྱོར་སྐབས་གཟུགས་པོ་ཡོངས་སུ་བརྟག་དཔྱད་གནང་བཞིན་ཡོད་པ་དང་། དཔེར་ན་ཕྱི་ལོ་ ༢༠༡༤ ལོར་བོད་ནས་ཁྱོན་བོད་མི་ ༨༧ ཙམ་འབྱོར་ཡོད་པའི་ཁྲོད་མཆིན་པའི་གཉན་ཚད་ཅན་གྱི་ནད་པ་ ༡༥ བྱུང་ཡོད་སྟབས། གསར་དུ་འབྱོར་བའི་མི་གྲངས་ ༡༠༠ ལྷག་ནང་ནད་རིགས་ཚབས་ཆེན་ཡོད་མཁན་བྱུང་ཡོད་མེད་དྲིས་པར་ཁོང་གིས། འདས་ལོའི་ཕྱི་ཟླ་ ༧ པའི་ནང་ནས་བཟུང་ཁོང་དབུས་སྣེ་ལེན་འབྲེལ་མཐུད་ཁང་དུ་བསླེབས་ཡོད་པ་དང་། ཕྱི་ཟླ་ ༧ ནས་ད་ལྟའི་བར་བོད་ནས་བསླེབས་པའི་མི་གྲངས་ ༩༠ ལྷག་ནང་གཉན་ནད་རག་དུག་ཅན་གྱི་ནད་པ་གཅིག་ཀྱང་མེད་པ་དང་། མཆིན་པའི་གཉན་ཚད་ཅན་གྱི་ནད་པ་གཉིས་གསུམ་ཞིག་བྱུང་ཡོད་ཀྱང་། སྨན་པས་བརྟག་དཔྱད་གནང་བ་བརྒྱུད་ནད་པ་དེ་ཚོའི་གནས་སྟངས་ཚབས་ཆེན་ཆགས་མེད་སྟབས། སྨན་བསྟེན་ཏེ་རིམ་གྱིས་དྲག་སྐྱེད་འགྲོ་རྒྱུ་ཡོད་པ་གསུངས་ཡོད་སྐོར་དང་། གཞན་ཡང་། ཆུང་དུས་རྣ་བས་གོ་ཡི་ཡོད་ཀྱང་བར་ལམ་ཚ་བ་ཤུགས་ཆེན་པོ་འཕར་བ་དང་ན་ཚ་ཕོགས་ཏེ་རྣ་བས་མི་གོ་བ་ཆགས་པ་དང་། རྣ་བས་མ་གོ་བའི་རྐྱེན་གྱིས་ཁ་ནས་སྐད་ཆའང་དེ་ཙམ་བཤད་མ་ཐུབ་པ་ཆགས་པའི་ནད་པ་རེ་ཟུང་བྱུང་ཡོད་པ་དང་། སྨན་པས་སྨན་བཅོས་བྱེད་ཐབས་ཡོད་མེད་ལ་བརྟག་དཔྱད་ནན་པོ་དགོས་པའི་ལམ་སྟོན་གནང་བ་ལྟར། ད་ལྟ་འབྲེལ་ཡོད་འཕྲོད་བསྟེན་ལས་བྱེད་ནས་ནད་པའི་རྣ་བར་གཤག་བཅོས་གནང་ཐབས་ཡོད་མེད་སོགས་ཀྱི་སྐོར་ལ་རྩད་གཅོད་གནང་བཞིན་ཡོད་པ་དང་། དེ་མིན་བོད་ནས་ཡོང་བ་མང་པོ་ཞིག་ལ་ཕོ་བ་བདེ་བོ་མེད་པ་དང་། དེ་ཚོའི་གྲས་ལ་བོད་སྨན་དང་ཕྱི་ལུགས་སྨན་པ་གཉིས་ཀར་བསྟེན་གཏུག་བརྟག་དཔྱད་གནང་བ་བརྒྱུད་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་བཞིན་ཡོད་སྐོར་བརྗོད་བྱུང་།

ད་ལྟའི་ཆར་སྣེ་ལེན་འབྲེལ་མཐུད་ཁང་དབུས་ས་གཉིས་སུ་ཁྱོན་ལས་བྱེད་ག་ཚོད་ཡོད་དྲིས་པར། བོད་ནས་འབྱོར་མཁན་མང་པོ་བྱུང་ན་སྣེ་ལེན་ཁང་གི་ལས་བྱེད་གང་འཚམ་མང་དུ་གཏོང་དགོས་པ་ཞིག་དང་། ཡང་མང་པོ་ཞེ་དྲག་མེད་སྐབས་ཉུང་འཕྲི་དགོས་པ་ཞིག་ཆགས་ཀྱི་ཡོད་སྟབས། རྩ་བའི་སྣེ་ལེན་ཁང་གི་ལས་བྱེད་གྲངས་འབོར་ལ་ངེས་གཏན་མེད་ཀྱང་། ད་ལྟའི་ཆར་དབུས་དང་ལྡི་ལི། བལ་ཡུལ་བཅས་སུ་ཁྱོན་ལས་བྱེད་ ༣༠ སོ་གྲངས་ཤིག་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply