འདི་ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་ནང་བུ་མོ་ག་ཚོད་འདུག

བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་མཛངས་མ་འགྲན་སྡུར་ཐེངས་ ༡༥ པའི་ནང་ཨ་རི་དང་ཡུ་རོབ། རྒྱ་གར་བཅས་ནས་བོད་ཀྱི་བུ་མོ་ཁག་ཅིག་གིས་ཐོ་འགོད་བྱས་ཟིན་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༡༧ ལོའི་བོད་ཀྱི་མཛངས་མ་འགྲན་སྡུར་དེ་ཕྱི་ཟླ་ ༦ པའི་ཚེས་ ༢ ནས་ ༤ བར་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་དུ་འཚོགས་འཆར་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༢ པའི་ནང་ནས་བཟུང་ཐོ་འགོད་ཀྱི་གསལ་བསྒྲགས་གནང་བ་ལྟར། ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བར་དུ་ཨ་རི་ནས་བོད་ཀྱི་བུ་མོ་གཅིག་དང་། ཡུ་རོབ་ནས་གཉིས། རྒྱ་གར་ནས་ཁག་ཅིག་བཅས་བོད་ཀྱི་གཞོན་ནུ་མ་ཁ་ཤས་ཤིག་གིས་ཐོ་འགོད་བྱས་ཟིན་ཡོད་འདུག འདི་ལོའི་འགྲན་ཞུགས་པའི་ཐོ་འགོད་དུས་ཡུན་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བར་ཡིན་སྟབས། ད་དུང་ཐོ་རྒྱག་མཁན་ཡོད་ན་ཕྱི་ལོ་ ༢༠༡༨ ལོའི་འགྲན་སྡུར་ནང་ཐོ་རྒྱག་རྒྱུ་མ་གཏོགས་མེད་པ་དང་། ད་ལོའི་འགྲན་སྡུར་ནང་འཛུལ་ཞུགས་བྱེད་པར་(Entry Fee)རྒྱ་བལ་འབྲུག་གསུམ་ནང་ཧིན་སྒོར་ ༡༠༠༠ དང་། ཨ་རིའི་ནང་ཨ་སྒོར་ ༥༠། ཡུ་རོབ་ནང་ཡུ་སྒོར་ ༢༥ ཡིན་འདུག

ཁ་པར་བརྒྱུད་བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་འདི་གའི་གསར་འགོད་པར་ངོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༠༢ ནས་བོད་ཀྱི་མཛངས་མ་འགྲན་སྡུར་མགོ་བཙུགས་ཏེ་ད་ལོ་ཐེངས་ ༡༥ པ་དེ་ཆགས་ཡོད་པ་དང་། ད་ལོ་ཡང་སྔར་བཞིན་དངོས་གཞིའི་འགྲན་སྡུར་གྱི་ཉིན་དང་པོར་ཆུ་རས་གྱོན་ཏེ་སྒེག་འགྲོས་ངོམ་རྒྱུ་དང་། ཉིན་གཉིས་པའི་ཕྱི་དྲོར་བོད་ཀྱི་སྐད་ཡིག་རིག་གཞུང་དང་ནང་ཆོས། དེ་བཞིན་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་དང་། གཞོན་ནུ་མ་སོ་སོའི་དགའ་མོས་ལྟར་གཞས་དང་ཞབས་བྲོ་སོགས་ཀྱི་སྒྱུ་རྩལ་འགྲན་སྡུར། ཉིན་མཐའ་མའི་དགོང་ཚོགས་ཐོག་འགྲན་སྡུར་གྱི་རྣམ་གྲངས་བཞི་སྟེ་སོ་སོ་ངོ་སྤྲོད་དང་། ཕྱི་ལུགས་དང་རང་ལུགས་ཀྱི་ཆས་གོས་གྱོན་ཏེ་སྒེག་འགྲོས་ངོམ་པ། ཟུར་དཔང་བའི་དྲི་བར་ལན་འདེབས་བཅས་གནང་བ་བརྒྱུད། ཨང་དང་པོར་ཧིན་སྒོར་འབུམ་ ༡ དང་། ཨང་གཉིས་པར་ཧིན་སྒོར་ཁྲི་ ༥། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ ཡི་བྱ་དགའ་སྤྲོད་རྒྱུ་ཡིན་པ་དང་། བོད་ཀྱི་མཛངས་མ་འགྲན་སྡུར་བྱས་ཏེ་ལོ་ངོ་ ༢༥ འཁོར་སྐབས་གཞི་རྒྱ་ཆེན་པོ་ཞིག་བྱེད་པའི་འཆར་གཞི་ཡོད་འདུག

བོད་པའི་སྤྱི་ཚོགས་ཁྲོད་བོད་ཀྱི་མཛངས་མར་བོད་སྐད་ཡིག་རང་སྐྱ་འཕེར་བ་ཞིག་དགོས་པའི་ཆ་རྐྱེན་ངེས་པར་དུ་བཟོ་དགོས་པའི་བསམ་ཚུལ་བྱུང་བ་ལྟར། ད་ལོར་དེའི་ཐད་ག་རེ་གནང་ཡོད་མེད་དྲིས་པར་ཁོང་གིས། དེའི་ཐད་དམིགས་བསལ་གྱིས་ཆ་རྐྱེན་གང་ཡང་བཟོས་མེད་ལ། བོད་ཀྱི་མཛངས་མ་ཟེར་དུས་བོད་པའི་སྤྱི་ཚོགས་ནང་ག་རེ་ཡོད་པ་དང་། སྤྱི་ཚོགས་ཀྱིས་ག་རེ་བཟོས་ཡོད་པ་དེ་འཐོན་ཡོང་གི་རེད་མ་གཏོགས་གོ་སྒྲིག་པའི་ངོས་ནས་ཟུར་དུ་བཟོ་གྲྭ་འདྲ་པོ་བཙུགས་ཏེ། བོད་ཀྱི་མཛངས་མ་ཟེར་དུས་གཟུགས་པོ་དང་རྣམ་པའི་ཐོག་ནས་འདི་འདྲ་དགོས་པ་དང་། བོད་སྐད་ཡིག་དང་འཇོན་ཐང་གི་ཐོག་ནས་འདི་འདྲ་དགོས་པ་རེད་ཟེར་ནས་ཆ་རྐྱེན་འདོན་གྱི་མེད་པ་དང་། ང་རང་ཚོའི་སྤྱི་ཚོགས་ནང་གང་ཡོད་པ་དེ་འཐོན་ཤོག་ལབ་ཀྱི་ཡོད་སྟབས། སྤྱི་ཚོགས་ནང་བོད་ཀྱི་སྐད་ཡིག་ཐོག་འདང་གི་མེད་ན་སྤྱི་ཚོགས་ཀྱིས་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་འགྲན་སྡུར་གོ་སྒྲིག་པར་ཡ་ལན་འཛུགས་རྒྱུ་མེད་སྐོར་བརྗོད་བྱུང་།

དེ་བཞིན་བོད་ཀྱི་ངོ་ཚབ་མཚོན་པའི་མཛངས་མ་གདམ་གྱི་ཡོད་དུས་དཔྱད་འདེམས་པའི་ཁོངས་སུ་ཉུང་མཐར་བོད་མི་གཅིག་དགོས་སྐོར་བརྗོད་ཀྱི་ཡོད་པ་དེའི་ཐད་ཁོང་གིས། ཟུར་དཔང་པ་རྣམ་ད་ལྟའི་ཆར་གཏན་འཁེལ་མེད་ལ། ད་ལྟའི་བར་གྱི་འགྲན་སྡུར་རིམ་པའི་ཁྲོད་ཕྱི་རྒྱལ་བ་དང་རྒྱ་གར་བ་བཞག་ཡོད་ཀྱང་སུ་གང་ལའང་དཀའ་ངལ་བྱུང་མེད་པ་དང་། རེ་གཉིས་ལ་དཀའ་ངལ་བྱུང་ཡོད་སྲིད་ཀྱང་དེ་ལ་ཡ་བྱེད་པའི་དུས་ཚོད་མེད་ལ། རྒྱུ་མཚན་གྱི་ཐོག་ནས་ཀྱང་ཏག་ཏག་བསྡད་ཡོད་པ་མ་རེད། དཔེར་ན། འཛམ་གླིང་མཛངས་མ་དང་སའི་གོ་ལའི་མཛངས་མ་འགྲན་སྡུར་སྐབས་ཟུར་དཔང་པའི་ནང་རྒྱལ་ཁབ་རེ་རེའི་སྐུ་ཚབ་དགོས་ཀྱི་མེད་པར་མང་ཆེ་བ་ཞིག་ཨ་རིའི་མི་དང་། དབྱིན་ཇིའི་མིས་གཙོ་བོ་རྣམ་པ་དང་རྣམ་དཔྱོད། འཇོན་ཐང་། ཤེས་ཡོན་བཅས་སུ་ལ་འདུག་དེར་བལྟས་ནས་གདམ་གྱི་ཡོད་པ་དང་། བོད་ཀྱི་མཛངས་མ་འགྲན་སྡུར་སྐབས་བུ་མོ་ཚོའི་རྣམ་འགྱུར་ག་འདྲ་འདུག བརྗོད་གཞི་གང་ཡིན་པ་དེའི་ཐོག་ཏག་ཏག་འགྲོ་ཐུབ་ཀྱི་འདུག་དང་མི་འདུག བརྗོད་གཞི་དང་འབྲེལ་བའི་ཐོག་ནས་སྐད་ཆ་ག་རེ་བཤད་ཀྱི་ཡོད་མེད་ལ་ལྟ་ཡི་ཡོད་དུས། དེ་བོད་པའི་མི་ཡིས་ཧ་གོ་བ་མ་གཏོགས་གཞན་གྱིས་ཧ་མི་གོ་བ་དེ་འདྲ་གང་ཡང་མིན་སྐོར་བརྗོད་སོང་།

ཕྱི་ལོ་ ༢༠༠༢ ནས་མགོ་བཙུགས་ཏེ་བོད་ཀྱི་མཛངས་མ་འགྲན་སྡུར་གོ་སྒྲིག་གནང་བ་ལྟར། ད་ལྟའི་བར་བོད་ཀྱི་བུ་མོ་ ༡༤ ལ་མཛངས་མའི་རྒྱལ་ཁ་ཐོབ་ཡོད་སྟབས། འགྲན་སྡུར་གོ་སྒྲིག་པའི་ངོས་ནས་བོད་ཀྱི་མཛངས་མ་ཚོར་རེ་བ་ག་རེ་རྒྱག་གི་ཡོད་པ་དང་། མ་འོངས་པར་མཛངས་མ་རྣམ་པས་དམིགས་ཡུལ་ག་འདྲ་ཞིག་ལ་སྙོབ་ཐབས་དགོས་སྐོར་དྲིས་པར་ཁོང་གིས། བོད་པའི་སྤྱི་ཚོགས་ནང་དུས་རྒྱུན་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་དགོས་པ་རེད་གསུང་མཁན་མང་པོ་ཡོད་ཀྱང་། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་སྡིངས་ཆ་གང་ཡང་མཐོང་རྒྱུ་མེད་པ་དང་། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དང་ཚོགས་འདུ་དེ་འདྲ་ཚོགས་ཀྱི་ཡོད་ཀྱང་ཡར་རྒྱས་ཕྱིན་པ་ཅི་གང་མཐོང་རྒྱུ་མེད་པ་དང་། བོད་ཀྱི་མཛངས་མའི་སྡིངས་ཆ་འདི་ཡག་ཤོས་ཡིན་ལབ་ཀྱི་མེད་ཀྱང་བུད་མེད་ཚོའི་གོ་སྐབས་ཤིག་དང་། གང་འདྲ་ཡིན་ནའང་ཆུང་ས་ནས་བཤད་ན་མཐའ་མའི་རྒྱལ་ཁ་ཐོབ་མཁན་ལ་ཧིན་སྒོར་འབུམ་གཅིག་འཁུར་རྒྱུ་ཡོད་པ་དང་། ཆེ་ས་ནས་བཤད་ན་རྒྱལ་སྤྱིའི་སྡིངས་ཆ་སྒང་འགྲོ་བའི་གོ་སྐབས་རག་གི་ཡོད་པ་རེད། དེ་བཞིན། ཁོ་རང་ཚོ་ང་ཚོའི་སྤྱི་ཚོགས་ཁྲོད་འབུར་དུ་ཐོན་པ་ཞིག་ཆགས་ཡོད་དུས་མི་ཚོས་བུད་མེད་གཞན་དང་མི་འདྲ་བར་དམིགས་བསལ་གྱིས་དོ་སྣང་དང་ཆ་འཇོག་གནང་སྟེ་གོ་སྐབས་མང་པོ་ཞིག་རག་གི་ཡོད་སྟབས། གོ་སྒྲིག་པ་སྒེར་གྱི་ངོས་ནས་བལྟས་ན། མཛངས་མའི་སྡིངས་ཆ་འདི་ཆུང་ཆུང་ཞིག་ཡིན་ཡང་གང་ལ་གང་འཚམ་གྱིས་སྤྱི་ཚོགས་ནང་ཕན་གྱི་ཡོད་སྟབས། བོད་པའི་སྤྱི་ཚོགས་ནང་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བར་སྡིངས་ཆ་འདི་འདྲ་གང་མང་མང་བསྐྲུན་དགོས་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༡༡

Leave a Reply