འབར་མའི་དམངས་གཙོའི་མིག་ལྟ་བུའི་ལྕམ་ཨཱང་སེན་སོའུ་ཀཱེ་ངག་ལྐུགས་པ།

མི་མང་པོ་ཞིག་གིས་ཁོང་ཚོ་ད་ལྟ་ཨཱང་སེན་སོའུ་ཀཱེ་ལ་ཡིད་ཆེས་རླག་གི་ཡོད་ཟེར།  ཨལ་ཇ་རྫེ་རཱ། ༢༠༡༧།༤།༡

ངས་རྩོམ་ཡིག་འདི་ང་རང་ནམ་རྒྱུན་སྡོད་སའི་ཡཱང་གཱོན་གྲོང་ཁྱེར་གྱི་མགྲོན་ཁང་ཞིག་ཏུ་འབྲི་བཞིན་ཡོད། ང་ལ་མཚོན་ན་ཆེས་བརྗེད་མི་ཐུབ་པ་ཞིག་ནི་རང་ཉིད་ཀྱི་ཐོག་མའི་རྩོམ་ཡིག་དེའི་བྱུང་རིམ་ཡིན། རྒྱུ་མཚན་ནི། ངས་ལྕམ་ཨཱང་སེན་སོའུ་ཀཱེ་ (Aung San Suu Kyi) བཟང་བཙོན་ལས་ཀློད་གྲོལ་ཐོབ་མ་ཐག་བཅར་འདྲི་ཞིག་བྱས་སྐབས། འབར་མའི་ཉེན་རྟོག་ཁང་གིས་ང་ལ་རྗེས་འདེད་གཏོང་མཁན་གསང་བའི་དམག་མི་བཏང་འདུག་སྟབས། སྐབས་དེར་ང་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཚོགས་ཁང་ཕྱི་རོལ་ནས་གུ་དོག་གི་སྲང་ལམ་ཞིག་བརྒྱུད་དེ་འབྲོ་དགོས་བྱུང་།

དེ་ནི་ ༢༠༡༠ ལོའི་ལོ་མཇུག་རེད། དེ་དུས་ཨཱང་སེན་སོའུ་ཀཱེ་ཡི་མིང་ཙམ་གླེང་ཡང་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད། རྒྱུ་མཚན་ནི། ཨཱང་སེན་སོའུ་ཀཱེ་འབར་མའི་དྲག་པོའི་དམག་གཞུང་གིི་དགྲ་བོ་ལྟ་བུར་རྩི་བཞིན་ཡོད་པས་རེད། དྲག་པོའི་དམག་གིས་འབར་མའི་གཞུང་ལོ་ངོ་ ༥༠ ལྷག་གི་རིང་དབང་བསྒྱུར་བྱས་སྟབས། སྐབས་དེར་རྒྱལ་ཁབ་དེར་རྒྱལ་སྤྱིའི་འབྲེལ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད།

ངས་དགའ་སྐྱོ་འདྲེས་མའི་རྩོམ་ཡིག་འདི་འབྲི་དགོས་དོན་ནི། ཕྱོགས་གཅིག་ནས་རྒྱལ་ཁབ་འདིར་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད་པས་དགའ་འོས་བ་ཞིག་དང་། ཕྱོགས་གཞན་ཞིག་ནས་རྒྱལ་ཁབ་འདིའི་གནས་སྟངས་མང་པོ་ཞིག་ད་དུང་སྔར་བཞིན་ལྷག་ཡོད་པས་སྐྱོ་དགོས་པ་ཞིག་རེད།

ང་ལོ་ངོ་དྲུག་དང་ཕྱེད་ཀའི་རིང་ཡཱང་གཱོན་གྲོང་ཁྱེར་སྲང་ལམ་ནང་དགའ་བསུ་མེད་པའི་གསར་འགོད་པ་ཞིག་བྱས་ཏེ། ཉི་མ་དེ་རིང་ལྕམ་ཨཱང་སེན་སོའུ་ཀཱེ་ཡི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་འབར་མའི་གཞུང་བཟུང་ཞིང་། མོ་རང་སྲིད་གཞུང་དེའི་སློབ་སྟོན་པ་ཆགས་ཐུབ་ཡོད་པ་སོགས་ནི་ཡར་རྒྱས་ཀྱི་འགྱུར་བ་ཆེན་པོ་ཞིག་རེད། འོན་ཀྱང་། ཁ་སང་དེ་རིང་ཨཱང་སེན་སོའུ་ཀཱེ་ལའང་སྐྱོན་བརྗོད་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་པ་དེ་གནས་ཚུལ་གསར་བ་ཞིག་རེད།

འཛམ་གླིང་མི་མང་གིས་ད་བར་ཁོ་མོར་ཡིད་ཆེས་དང་རེ་བ་བཟུང་སྟེ། ཁོང་མོས་གཞུང་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་རྒྱུར་རེ་སྒུག་བྱས་ཡོད་ཀྱང་། དུས་ཚོད་ཡུན་རིང་མ་འགོར་བར་གསར་འགོད་པ་ཁག་ཅིག་གིས་ཟ་དང་ཟུར་གྱི་གནས་ཚུལ་མང་དག་ཅིག་ཕྱོགས་བསྡུས་བྱས་ཏེ་བརྒྱུད་ལམ་ཁག་ཏུ་ཁོང་མོར་སྐྱོན་བརྗོད་བྱེད་མགོ་བཙུགས་ཡོད།

གནས་ལུགས་ངེས་ཅན་ཞིག་གིས་ཐོག་ནས་བཤད་ན། ཁོ་མོ་དེ་སྔ་འབར་མ་དྲག་པོའི་དམག་གཞུང་འོག་ཡོད་སྐབས་ཀྱི་མངོན་འདོད་ལྟར། ད་ལྟ་འབར་མ་བསྐྱར་དུ་རྒྱལ་སྤྱི་དང་མཉམ་འབྲེལ་བྱས་ཏེ། འབར་མའི་དྲག་པོའི་དམག་གཞུང་གིས་བཟོས་པའི་དཀའ་ངལ་རྣམས་སེལ་ཐུབ་ཡོད་པ་དང་། འབར་མའི་དཔལ་འབྱོར་འཛུགས་བསྐྲུན་གྱི་ལས་དོན་གང་འཚམ་ཞིག་བསྐྱར་གསོ་བྱུང་ཡོད།

འོན་ཀྱང་ངའི་བསམ་བློ་ནི། ང་ཚོས་རྒྱུན་པར་ཁོ་མོས་ལས་དོན་བྱེད་ཕྱོགས་ག་འདྲ་ཡིན་མིན་ལ་བལྟ་དགོས་ཅེས་བ་འདི་ཡིན། ངས་དེ་སྔ་ཁོ་མོ་བཙོན་གྲོལ་ཐོབ་རྗེས་ཆབ་སྲིད་པ་དང་མགོ་ཁྲིད་འཇིགས་སུ་རུང་བ་ཞིག་ཆགས་སྲིད་པ་རེད་ཅེས་བརྗོད་མྱོང་ཡོད། རྒྱུ་མཚན་ནི་སྐབས་དེར་ང་ཚོས་མོའི་སྐོར་གང་ཡང་ཤེས་ཀྱི་མེད། མོ་རང་སེམས་ཤུགས་མ་ཆགས་པར་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱས་པ་དེ་ཁོ་ནས་མོ་རྒྱལ་ཁབ་དེའི་དབུ་ཁྲིད་རླབས་ཆེན་ཞིག་ཡིན་པ་མཚོན་མི་ཐུབ།

ངས་ཁོ་མོ་ད་ལྟ་འཇིགས་སུ་རུང་བ་ཞིག་ཆགས་ཚར་འདུག་ཟེར་གྱི་མེད་ལ། ཁོ་མོའི་སྲིད་དབང་ལ་མིག་སེར་བྱས་པ་དེ་བས་ཀྱང་མིན་མོད། འོན་ཀྱང་སྐབས་རེར་འབར་མའི་གནས་སྟངས་ཧ་ཅང་ཡ་ང་བ་ཞིག་ཏུ་མཐོང་གི་ཡོད། རྒྱུ་མཚན་ནི་ཁོ་མོའི་སྲི་དབང་ལ་སྣང་ཆུང་བྱེད་མཁན་གཞུང་གི་དཔོན་རིགས་ཚོས་དྲག་སྤྱོད་ཤོག་ཁག་ལ་ལག་འབྲེལ་བྱས་ཏེ། མི་མང་ལ་དམག་མིའི་དྲག་གནོན་འོག་ཉེན་ཚབ་ཆེ་བའི་དཀའ་ངལ་བཟོ་བཞིན་ཡོད།

ངས་བཤད་འདོད་པ་ནི། ང་ཚོས་སེམས་འཚབ་བྱེད་དགོས་ས་གཙོ་བོ་ཞིག་ནི། ངས་ཉེ་ཆར་རང་ལ་མི་མང་པོ་ཞིག་དང་ལྷན་དུ་ཁ་བརྡ་བྱས་སྐབས། ཁོང་ཚོ་མང་པོ་ཞིགས་ད་ལྟ་ཨཱང་སེན་སོའུ་ཀཱེ་ཡི་གཞུང་ལ་ཡིད་ཆེས་རླག་གི་འདུག་ཟེར། རྒྱུ་མཚན་ནི། འབར་མ་རྒྱལ་ཡོངས་དམངས་གཙོ་ཚོགས་པ་ནང་ཁུལ་དུ་ཕྱོགས་རིས་འཐེན་འཁྱེར་དང་དྲག་གནོན་གཏོང་གི་ཡོད་པས་རེད་འདུག

གཞུང་གི་ལས་བྱེད་མི་སྣ་ཚོས་གཞུང་གི་སློབ་སྟོན་པ་ཨཱང་སེན་སོའུ་ཀཱེ་ལ་མཉམ་འབྲེལ་བྱེད་པ་ལས་དྲག་པོའི་དམག་སྤྱི་ཚོ་དང་མཉམ་འབྲེལ་བྱས་ན་ཁེ་ཕན་དང་དབང་ཆ་ཆེ་བ་རེག་གི་ཡོད་འདུག དེ་ནི་དྲག་པོའི་དམག་སྤྱི་ཚོས་སྔར་བཞིན་ཕྱི་གསལ་ནང་གསལ་ཐོག་འབར་མར་དབང་བསྒྱུར་བྱེད་ཀྱིན་ཡོད་པ་རྟོགས་ཐུབ་སྟབས། སྐུ་ལྕམ་ཨཱང་སེན་སོའུ་ཀཱེ་ཡིས་གཞུང་བཟུང་ཡོད་པའི་གོ་སྐབས་དང་བསྟུན་ཏེ། བསྐྱར་དུ་བཅོས་བསྒྱུར་གྱི་ལམ་ནས་རྒྱལ་ཁབ་དེའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཁག་ཅིག་ལ་འཐབ་རྩོད་བྱེད་དགོས་ཁེལ་ཡོད།

དྲག་པོའི་སྲིད་གཞུང་གིས་སྤྱང་གྲུང་ལྡན་པའི་ཆབ་སྲིད་ཞིག་རྩེད་ཡོད་པ་ནི། ཁོ་ཚོས་དམག་སྤྱིའི་རུ་ཁག་ཆབ་སྲིད་གར་སྟེགས་ལས་ཕྱིར་འཐེན་བྱས་ཏེ། རྒྱལ་ཡོངས་དམངས་གཙོ་ཚོགས་པའི་གཞུང་འཛིན་གར་སྟེགས་སྟེང་། རྒྱལ་ཁབ་དེའི་དཀའ་ངལ་གྱི་ནག་ཉེས་ཡོད་ཚད་འཁུར་དགོས་པ་དང་། དྲག་པོའི་དམག་སྤྱི་ཚོས་རྒྱབ་ལོགས་ན་ད་དུང་མུ་མཐུད་དུ་གཞུང་གི་དབང་ཆར་ལོངས་སུ་སྤྱོད་བཞིན་ཡོད་པ་དེ་རེད།

འོན་ཀྱང་། མོས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཆེད་སྔར་བཞིན་འཐབ་རྩོད་བྱེད་རྒྱུ་དང་།  འདས་པའི་ལོ་མང་རིང་མོ་དང་འབར་མའི་མི་སེར་ཚོའི་རང་དབང་བཙན་འཕྲོག་བྱས་པའི་མི་ཚད། ད་ལྟ་ད་དུང་འབར་མའི་ནང་བཙན་གནོན་འཕྲོག་བཅོམ་སོགས་ཀྱི་གནས་ཚུལ་བྱུང་དང་འབྱུང་བཞིན་རྣམས་འབར་མའི་མི་མང་དང་རྒྱལ་སྤྱིའི་སྒང་འགྲེལ་བཤད་དང་ཁྱབ་བསྒྲགས་བྱེད་ཐུབ་ཀྱང་། ཨཱང་སེན་སོའུ་ཀཱེ་ད་ལྟ་ངག་སྒོ་སྡམ་ནས་བཞུགས་ཡོད། གལ་སྲིད་མོས་མི་མཐུད་དུ་ངག་བཅད་དུ་བཞུགས་ཚེ། མི་མང་པོ་ཞིག་གི་ཚེ་སྲོག་དང་འབྲེལ་ཡོད་སྟབས་མོ་རང་ལ་བཅངས་པའི་མི་མང་གི་ཡིད་ཆེས་དེ་བརླག་སྲིད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༤/༠༦

Leave a Reply