འཛིན་གྲྭ་དྲུག་པ་ནས་དཔེ་སྟོན་གྱི་སློབ་མ་ཇེ་ཉུང་རེད།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དགུ་པར་ཤེས་རིག་ལས་ཁུངས་ཀྱི་སྔོན་རྩིས་སྐོར་ལ་བགྲོ་གླེང་གནང་སྐབས། ཤེས་རིག་བཀའ་བློན་མཆོག་ནས་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སྔོན་འགྲོའི་སློབ་གྲྭ་ ༣༣ ཆ་ཚང་དང་། གཞི་རིམ་འོག་མའི་སློབ་གྲྭ་ ༩ ཆ་ཚང་། འབྲིང་རིམ་གྱི་སློབ་གྲྭ་ ༥ བཅས་རྩིས་ལེན་ཟིན་ཡོད་ཀྱང་། འཛིན་གྲྭ་དང་པོ་ནས་བཅུ་གཉིས་བར་གྱི་ཁྱོན་སློབ་གྲྭ་ཁག་ ༡༤ རྩིས་ལེན་རྒྱུ་ལྷག་བསྡད་ཡོད་སྐོར་གསུངས་སོང་།

འདས་ལོར་ཤེས་རིག་ལས་ཁུངས་ནས་དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་དགུ་བ་དང་བཅུ་པའི་སློབ་ཕྲུག་རྣམས་ ༢༠༡༧ ལོ་ནས་ཅོན་ཏ་ར་སཾ་བྷོ་ཊ་གཏན་སློབ་ནང་འཇུག་རྒྱུ་དང་། དྷ་ཤོད་དཔེ་སྟོན་སློབ་གྲྭ་ཉིན་སློབ་ཏུ་བསྒྱུར་རྒྱུ་ཡིན་པའི་ཐག་གཅོད་ཡོངས་བསྒྲགས་གནང་བ་དེར་དཔེ་སྟོན་གྱི་ཕ་མ་མང་པོས་མོས་མཐུན་མེད་པའི་བསམ་འཆར་ཕུལ་ཡོད་པ་དང་། དེ་རིང་གྲོས་ཚོགས་ནང་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ཟེར་དུས་ཕྱི་ནང་གི་ཆ་རྐྱེན་ལྡན་པའི་སློབ་གྲྭ་ཁ་ཚང་ཞིག་དགོས་པ་ལས་སློབ་གྲྭ་གཞན་ཞིག་གི་ཡན་ལག་ལྟ་བུ་ཆགས་སོང་ན་རིམ་གྱིས་ཆེ་མཐོང་དང་ནུས་པ་ཚང་མ་ཉམས་ཆགས་སུ་འགྲོ་རྒྱུ་ཡིན་སྟབས། དཔེ་སྟོན་སློབ་གྲྭ་ཟེར་དུས་ལོགས་སུ་འབུར་དུ་ཐོན་པ་ཞིག་ཡོང་བར་ངེས་པར་དུ་དགོངས་བཞེས་དགོས་སྐོར་དང་། ཕ་མ་རྣམས་ཀྱིས་ཤེས་ཡོན་སྲིད་བྱུས་ལ་རྒྱབ་སྐྱོར་དང་ཡིད་ཆེས་ཀྱིས་དཔེ་སྟོན་སློབ་གྲྭའི་སློབ་མའི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང། སློབ་གྲྭའི་ཁོར་ཡུག་རྒྱ་ཆུང་བ་དང་ཆ་རྐྱེན་ཞན་པའི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་དེ་སེལ་ཐབས་ཅི་ཡོད་སོགས་ཀྱི་དགོངས་འཆར་བཀའ་འདྲི་ཁག་ཅིག་ཞུ་སྐབས། ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་ཁྲིམས་ཐོག་ནས་དཔེ་སྟོན་སློབ་གྲྭའི་འཛིན་གྲྭ་དགུ་བ་དང་བཅུ་པ་ཅོན་ཏ་ར་སཾ་བྷོ་ཊ་གཏན་སློབ་ཁོངས་ཡིན་ལ། སྔོན་མ་དཔེ་སྟོན་གྱི་འཛིན་གྲྭ་ ༩ དང་ ༡༠ པ་དེབ་སྐྱེལ་བྱེད་པར་འབད་བརྩོན་མང་པོ་གནང་ཡོད་ཀྱང་། སློབ་གྲྭའི་ས་ཁྱོན་གྱི་ཐོག་ནས་འཛིན་གྲྭ་དགུ་བ་བཅུ་པ་བཙུགས་པའི་ཆ་རྐྱེན་མེད་པར་བརྟེན་དེབ་སྐྱེལ་བྱེད་ཐུབ་མེད་པ་དང་། དེ་ནས་ཉེ་འཁོར་དུ་ས་ཆ་ཉོ་རྒྱུ་ཡོད་མེད་དང་སློབ་གྲྭ་གཞན་ལ་སྤོ་བཞུད་བྱེད་ས་ཐབས་འཚོལ་གནང་ཡོད་སྐོར་གསུངས་སོང་།

དཔེ་སྟོན་སློབ་གྲྭར་སློབ་མ་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་འཛིན་གྲྭ་དྲུག་པ་ནས་སློབ་ཕྲུག་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་སྐོར་ལ་བཀའ་བློན་མཆོག་གིས། དཔེ་སྟོན་སློབ་གྲྭའི་སྔོན་འགྲོ་ནས་གཞི་རིམ་འོག་མའི་བར་དུ་སློབ་མ་བཅུག་མཁན་མང་པོ་ཡོད་ཀྱང་། འཛིན་གྲྭ་ ༦ པར་བསླེབས་རྗེས་རིམ་གྱིས་སློབ་ཕྲུག་ཉུང་དུ་ཉུང་དུ་འགྲོ་བཞིན་ཡོད་པ་དཔེར་ན། ཕྱི་ལོ་ ༢༠༡༣ ལོར་འཛིན་གྲྭ་ ༦ པ་ནས་དགུ་བ་བར་དུ་སློབ་ཕྲུག་ ༨༧ ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་འཛིན་གྲྭ་ ༦ པ་ནས་བཅུ་པ་བར་དུ་སློབ་ཕྲུག་ ༩༤། ཕྱི་ལོ་ ༢༠༡༥ ལོར་སློབ་ཕྲུག་ ༧༣། ཕྱི་ལོ་ ༢༠༡༦ ལོར་སློབ་ཕྲུག་ ༦༤། ཕྱི་ལོ་ ༢༠༡༧ ལོར་སློབ་ཕྲུག་ ༥༡ བཅས་གྲངས་འབོར་མར་མར་ཆགས་འགྲོ་ཡི་ཡོད་སྟབས། ཤེས་ཡོན་སྲིད་བྱུས་ལ་ཕ་མ་ཚོས་རྒྱབ་སྐྱོར་ཡོད་པ་རེད་ཟེར་གྱི་ཡོད་ཀྱང་། གཞི་རིམ་འོག་མའི་ནང་སློབ་ཕྲུག་ ༣༤༩ ཡས་མས་བར་བསླེབས་ཀྱི་ཡོད་ནའང་འཛིན་གྲྭ་ ༦ པ་ནས་ཡར་བསླེབས་ཡོང་དུས་ཉུང་དུ་ཉུང་དུ་ཕྱིན་ཏེ་བསྡད་ཀྱི་མེད་སྟབས། ཕ་མ་ཚོའི་ངོས་ནས་སྔར་བཞིན་ག་ཚོད་ཅིག་ཤུགས་བརྒྱབ་ནས་སྡོད་ཀྱི་ཡོད་མེད་དེའང་ཐེ་ཚོམ་ཡིན་སྐོར་གསུངས་སོང་།

ཡང་བཀའ་བློན་མཆོག་གིས། ན་ནིང་འཛིན་གྲྭ་དགུ་བ་བཅུ་པའི་ཐག་གཅོད་དེ་གནང་སྐབས་འཛིན་གྲྭ་དགུ་བའི་ནང་སློབ་ཕྲུག་ ༩ དང་། བཅུ་པའི་ནང་སློབ་ཕྲུག་ ༡༡ ཡོད་པ་དང་། འཛིན་རིམ་བཅུ་པ་ཅོན་ཏ་ར་སཾ་བྷོ་ཊའི་ནང་དེབ་སྐྱེལ་བྱས་ཡོད་པ་ལྟར་དེར་ཡིག་རྒྱུགས་གཏོང་བཞིན་ཡོད་པ་དང་། འཛིན་གྲྭ་ ༩ པ་ཁོ་རང་ཚོའི་འདོད་མོས་གཞིར་བཟུང་ཅོན་ཏ་ར་ཡང་ན་སྤོན་ཊར་འགྲོ་རྒྱུ་ཡིན་ལ། མཁས་པའི་ཚོགས་ཆུང་ནས་འཛིན་གྲྭ་དགུ་པའི་སློབ་ཕྲུག་རྣམས་ཆ་རྐྱེན་སོགས་གང་ཅིའི་ཐད་ནས་སྤོན་ཊ་ལ་འགྲོ་དགོས་པ་རེད་ཅེས་གསུངས་ཡོད་ཀྱང་། གོང་བརྗོད་སློབ་གྲྭ་ཁག་གཉིས་ལས་གང་ལ་འགྲོ་མིན་གདམ་ག་སྤྲད་ཡོད་སྐོར་དང་། དེ་སྔོན་ཚགས་ཤོག་དེ་འདྲའི་ནང་ཤེས་ཡོན་སྲིད་བྱུས་ལ་ཡིད་ཆེས་མེད་པ་དང་ཤེས་ཡོན་སྲིད་བྱུས་མེད་པ་བཟོ་ཡི་ཡོད་སྐོར་ཐོན་ཡོད་ཀྱང་། དེ་ཚོ་ནམ་རྒྱུན་ཞེ་དྲགས་རྩི་ཡི་མེད་ལ་དེ་འདྲའི་ངོས་འཛིན་གང་ཡང་ཞུ་ཡི་མེད། གང་ཡིན་ཟེར་ན། ད་ལྟ་གཏོང་ས་དེ་ཚོའང་ཤེས་ཡོན་སྲིད་བྱུས་ཆ་ཚང་ལག་བསྟར་བྱེད་བཞིན་པའི་སློབ་གྲྭ་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་ཤིག་གིས་ད་ལྟའི་ཆར་ཤེས་ཡོན་སྲིད་བྱུས་ཆ་ཚང་ལག་བསྟར་བྱེད་བཞིན་པའི་སློབ་གྲྭ་ག་ཚོད་ཡོད་པ་དང་། ཁྱོན་ནས་ལག་བསྟར་གནང་གི་མེད་པའི་སློབ་གྲྭ་ཁག་ག་ཚོད་ཡོད་བཀའ་འདྲི་ཞུས་པར་བཀའ་བློན་མཆོག་གིས། བོད་ཁྱིམ་གཉིས་ཀྱིས་སྔོན་མ་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་ཏག་ཏག་ཅིག་འགྲོ་ཡི་མེད་ཅིང་། དེ་སྔ་འཛིན་གྲྭ་དང་པོར་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ཡོད་པ་དང་། ད་ལོར་འཛིན་གྲྭ་གཉིས་པར་ལག་བསྟར་བྱས་ཏེ་ཐེག་པ་རིམ་འཛེགས་བྱས་ཏེ་འགྲོ་ཡི་ཡོད་པ་དང་། དེ་བཞིན་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་ ༡༢ ནས་ལག་བསྟར་ཆ་ཚང་འགྲོ་ཡི་ཡོད། བོད་སློབ་འཛིན་སྐྱོང་ཚོགས་པའི་སློབ་གྲྭ་དེ་ཚོའི་ནང་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ཐུབ་ཀྱི་མེད་ཀྱང་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་སྔོན་འགྲོའི་སློབ་གྲྭ་ཁག་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་པའི་འཆར་གཞི་ཞིག་བསྒྲིགས་ཡོད་སྐོར་དང་། ཤེས་ཡོན་སྲིད་བྱུས་དང་བསླབ་གཞི་རྩ་འཛིན་གྱི་དགོངས་དོན་བཞིན་འཛིན་གྲྭ་ ༨ བར་གྱི་སྤྱི་ཚོགས་ཚན་རིག་བསླབ་དེབ་ཆ་ཚང་བཟོ་སྒྲིག་ཟིན་ཡོད་པ་དང་། དེ་བཞིན་ཨང་རྩིས་ཀྱི་འཛིན་གྲྭ་དྲུག་པ་དང་བདུན་པའི་བསླབ་དེབ་ད་ལོར་བཟོས་ཚར་ཡོད་ཀྱང་། དཀའ་ངལ་ཆེ་ཤོས་དེ་ཚན་རིག་བསླབ་དེབ་ཡིན་པ་དང་། ཚན་རིག་གི་བསླབ་དེབ་དེ་འཛིན་གྲྭ་ ༦ པ་འཆར་གཞིར་བཞག་ཡོད་ཀྱང་། ལས་ཀ་བྱེད་མཁན་མི་རག་པའི་དཀའ་ངལ་ཆེན་པོ་ཡོད་སྐོར་གསུངས་སོང་།

བོད་སློབ་འཛིན་སྐྱོང་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་ག་ཚོད་ཅིག་ཡོངས་སུ་རྩིས་ལེན་ཐུབ་ཡོད་པ་དང་། གཏན་ནས་རྩིས་ལེན་ཐུབ་མེད་པ་ག་ཚོད་ལྷག་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། སྔོན་འགྲོའི་སློབ་གྲྭ་ ༣༣ ཆ་ཚང་དང་། གཞི་རིམ་འོག་མའི་སློབ་གྲྭ་ ༩ ཆ་ཚང་། འབྲིང་རིམ་གྱི་སློབ་གྲྭ་ ༥ བཅས་རྩིས་ལེན་ཟིན་ཡོད་པ་དང་། འཛིན་གྲྭ་དང་པོ་ནས་བཅུ་པ་དང་། འཛིན་གྲྭ་དང་པོ་ནས་བཅུ་གཉིས་བར་གྱི་ཁྱོན་སློབ་གྲྭ་ཁག་ ༡༤ རྩིས་ལེན་རྒྱུ་ལྷག་ཡོད་སྐོར་གསུངས་སོང་།

གཞན་ཡང་། སྤྱི་འཐུས་ཤིག་གིས་འདས་ལོར་བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་བོད་ཡིག་སློབ་དེབ་རྩོམ་སྒྲིག་སྐོར་གྱི་དཀའ་རྙོག་དེ་ཐག་གཅོད་ག་འདྲ་གནང་ཡོད་མེད་བཀའ་འདྲི་ཞུས་པ་དེར་བཀའ་བློན་མཆོག་གིས། ཨ་རི་སྐུ་ཚབ་དོན་གཅོད་དབུ་བཞུགས་ཀྱི་ཐོག་ནས་གཟའ་མཇུག་སློབ་གྲྭའི་དབུ་འཛིན་དང་དགེ་རྒན་རྣམ་པ་ཚོགས་འདུ་ཚོགས་ཡོད་པ་དང་། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚོགས་ཐོག་ཏུ་བཅར་ཏེ་མཐའ་མ་དེར་གཏན་འབེབས་ག་ རེ་བྱུང་འདུག་ཟེར་ན། སྐབས་དེར་རྩོད་གཞི་ཅན་གྱི་ཤོག་གྲངས་ ༦ ཡོད་པ་རྣམས་ཕྱིར་འཐེན་བྱས་པ་ཕུད་གཞན་རྣམས་རང་སོར་འགྲོ་རྒྱུ་དང་། དེའི་སྒང་ལ་བསམ་འཆར་ཡོད་ན་གཏོང་ཤོག་ལབ་ཡོད་པ་དང་། བསམ་འཆར་དེའི་ཐོག་ལ་ཤེས་རིག་ལས་ཁུངས་ནས་བསྐྱར་དུ་བལྟས་རྗེས་མཐའ་མའི་གཏན་འབེབས་སྒང་བསླེབ་རྒྱུ་ཐག་གཅོད་གནང་ཡོད་པ་དང་། ད་ལྟའི་ཆར་སློབ་གྲྭ་ཁག་ལྔ་ནས་བསམ་འཆར་འབྱོར་ཡོད་ཀྱང་བསམ་འཆར་ཆེན་པོ་དེ་འདྲ་མེད་སྐོར་གསུངས་སོང་།

བསྐྱར་བཅོས།: ༢༠༡༧/༠༣/༢༣

Leave a Reply