འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐད་སྤྱི་འཐུས་ཁག་ཅིག་གི་དགོངས་ཚུལ།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། བཞུགས་སྒར་དྷ་ས་ནོར་བུ་གསོལ་མགྲོན་ཁང་དུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གོ་སྒྲོག་འོག སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་གསུམ་པའི་སྟེང་གི་གླེང་གཞི་དང་འབྲེལ་ཏེ། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་དང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་གཉིས་ཀྱི་ཐོག་བགྲོ་གླེང་ཚོགས་སོང་།

བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་དང་། ཨ་ཀྲུག་ཚེ་བརྟེན། ཐུབ་བསྟན་ལུང་རིགས། གསེར་རྟ་ཚུལ་ཁྲིམས། ཟླ་བ་ཕུད་སྐྱིད་བཅས་རེད།

འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་ལ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་བརྗོད་དོན། ང་རང་ཚོའི་གནས་བབ་ལ་དཔག་པའི་ང་ཚོའི་བཙན་བྱོལ་གྱི་ཆབ་སྲིད་གནས་བབ་དམངས་གཙོའི་ལམ་ལུགས་འདི་གཞན་དང་མ་འདྲ་བའི་དམངས་གཙོའི་ཁྱད་ཆོས་ལྡན་པ་ཞིག་ཆགས་བསྡད་ཡོད་པ་དང་། འདིའི་ཐོག་ནས་མི་མང་ལ་བསམ་བློ་གཏོང་བའི་གོ་སྐབས་ཐོལ་པ་ཞིག་སྐྲུན་གྱི་ཡོད་པ་རེད། རྒྱལ་ཁབ་གཞན་པ་ཚོས་འོས་ཐེངས་གཅིག་ལྡུག་གི་ཡོད་པ་དེ་ཁོ་རང་ཚོར་ཆབ་སྲིད་ཚོགས་པའི་ཐོག་ནས་འོས་མི་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་ཡོད་པ་རེད། ཡིན་ནའང་ང་ཚོར་དེ་མེད་པས་མི་མང་རང་གི་རྣམ་དཔྱོད་ཀྱི་ཐོག་ནས་ཐག་གཅོད་དགོས་པ་ཞིག་ཡིན་སྟབས། འོས་ཐེངས་དང་པོར་མཉམ་ཞུགས་བྱེད་མ་ཐུབ་ཀྱང་ཐེངས་གཉིས་པར་མཉམ་ཞུགས་བྱེད་ཐུབ་པ་དང་། འོས་ཐེངས་དང་པོར་ནོར་འཁྲུལ་ཤོར་ཡང་ཐེངས་གཉིས་པར་མ་ནོར་བ་བྱེད་ཐུབ་པ་རེད་དེ་གཅིག་རེད།

གཉིས་པ་འོས་ཐེངས་གཅིག་མ་གཏོགས་བླུག་རྒྱུ་མེད་པ་ཡིན་ན། སྤྱི་འཐུས་རྙིང་པ་ཤ་སྟག་བསླེབ་རྒྱུ་རེད། གང་ཡིན་ཟེར་ན། སྤྱི་འཐུས་རྙིང་པ་དེ་ཚོ་རྟག་པར་གཟིགས་མཐོང་བརྙན་འཕྲིན་ནང་མཐོང་བསྡད་ཡོད་སྟབས་མི་མང་གིས་ངོ་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་དེ་ཚོ་ལས་གཞན་པའི་མི་ཡག་པོ་དང་འཇོན་པོ་སུ་ཡོད་མེད་མི་མང་གིས་ཧ་གོ་བ་མ་རེད། དེར་བརྟེན། འོས་ཐེངས་གཉིས་པ་ལྡུག་པའི་གོ་སྐབས་ཡོད་ན། སྤྱི་འཐུས་ཚོར་སྐྱོན་ཡོད་ན་མི་མང་གིས་བཤད་སའི་སྡིངས་ཆ་རག་གི་རེད་ལ། སྤྱི་འཐུས་ལ་བཞེངས་མཁན་ཚོའང་རྙིང་པ་ཚོ་ལས་ལྷག་པའི་འཇོན་ཐང་ཞིག་ཡོད་ན་དེ་སྟོན་པའི་སྡིངས་ཆ་རག་གི་ཡོད་སྟབས། འོས་ཐེངས་གཉིས་བླུག་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད།

དཔེར་ན། ང་སྐབས་བཅུ་གསུམ་པའི་སྤྱི་འཐུས་རེད། ད་ལྟ་གྲོས་ཚོགས་ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་གཉིས་ལས་ཡོད་པ་མ་རེད། མདོ་སྨད་ལ་མཚོན་ན་ཚང་མ་བརྗེ་བོ་ཐེབས་ཚར་བ་རེད། མདོ་སྟོད་ནང་ད་ལྟ་གཅིག་རང་ལྷག་ཡོད་པ་རེད། ཆོས་ལུགས་ཀྱང་དེ་དེ་བཞིན་རེད། འོས་ཐེངས་གཅིག་ལས་ལྡུག་རྒྱུ་མེད་པ་ཡིན་ན་སྤྱི་འཐུས་རྙིང་པ་རྣམས་རང་འཇགས་འདུག་གི་རེད། དེར་བརྟེན། དམངས་གཙོ་ཚད་དང་ལྡན་པ་ཞིག་ཡོང་དགོས་ན་འོས་བསྡུའི་སྒྲིག་གཞིའི་ནང་སྔོན་འགྲོ་དང་དངོས་གཞི་ཐེངས་གཉིས་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བརྗོད་གཞི་དེའི་སྟེང་གསུངས་དོན། དྷ་རམ་ས་ལར་ལོ་ཉི་ཤུར་བསྡད་པའི་ཉམས་མྱོང་གང་ལ་གང་འཚམ་བསགས་ཡོང་བའི་བསམ་བློའི་ཐོག་ནས་བཤད་ན། ཁ་གསལ་པོ་བྱས་ཏེ་ཞུས་པ་ཡིན་ན། ང་ལྟ་བུར་མཚོན་ན། སྔོན་འགྲོ་དང་དངོས་གཞི་གཉིས་དགོས་པའི་རྒྱུ་མཚན་གསལ་བོ་མཐོང་གི་མི་འདུག ནམ་རྒྱུན་སྤྱི་འཐུས་རྙིང་པ་ཡིན་ན་འདྲ་ལ་གསར་པ་ཡིན་ནའང་འདྲ། དངོས་གཞི་གཅིག་མ་གཏོགས་མེད་ཀྱང་། དེའི་སྔོན་ལ་ཁྱབ་བསྒྲགས་བྱེད་པ་དང་མི་མང་གིས་ཤེས་རྟོགས་བྱེད་པའི་བརྒྱུད་ལམ་ཆ་ཚང་ཡོད་པ་རེད། ང་རང་གི་ཞེད་སྣང་ཆེ་ཤོས་དེ་ག་རེ་ཡིན་ལབ་ན། ལོ་སྔོན་མར་བྱུང་མ་ཐག་པའི་སྲིད་སྐྱོང་འོས་བསྡུར་བལྟས་ན། མ་འོངས་པར་མུ་མཐུད་དུ་དེ་འདྲ་ཞིག་ཡོང་བ་ཡིན་ན། བཙན་བྱོལ་སྤྱི་ཚོགས་འདི་ཁ་འཐོར་དགུ་འཐོར་དུ་འགྲོ་རྒྱུ་མ་གཏོགས་ང་ཚོར་ལམ་ཀ་གཞན་མི་འདུག་བསམ་པའི་ཚོར་སྣང་ཡོང་གི་འདུག འདས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལ་བལྟས་ནའང་སྔོན་འགྲོ་དང་དངོས་གཞིར་འགྱུར་བ་ཆེན་པོ་འགྲོ་ཐུབ་ཡོད་པ་མ་རེད།

ད་ལྟ་ང་ཚོར་བརྟན་བརླིང་དེ་གནད་འགག་ཆེ་ཤོས་རེད་འདུག ལོ་སྔོན་མའི་འོས་བསྡུ་ཆེན་མོས་ང་ཚོའི་སྤྱི་ཚོགས་ལ་བརྡབ་གསིག་ཆེན་པོ་ཞིག་ཐེབས་སོང་། སྤྱིར་བཏང་ནོར་འཁྲུལ་དེ་འོས་བསྡུའི་སྒྲིག་གཞིར་བརྟེན་ཏེ་བྱུང་བ་ཞིག་མ་རེད། ཡིན་ནའང་འོས་བསྡུའི་སྒྲིག་གཞི་འདི་ལྟར་མུ་མཐུད་ནས་བསྡད་ན། ང་ཚོ་གང་ཟག་ཚོའི་བྱེད་སྟངས་དེ་མུ་མཐུད་ནས་སྡུག་ཏུ་སྡུག་ཏུ་འགྲོ་བ་མ་གཏོགས་ཡག་ཏུ་འགྲོ་ཡི་ཡོད་པ་ཞིག་ཚོར་གྱི་མི་འདུག དེར་བརྟེན། འོས་བསྡུ་དེ་ཐེངས་གཅིག་གིས་ཐག་བཅད་ན་ཡག་པོ་འདུག་བསམ་ཡོད། འདས་པའི་ལོ་རྒྱུས་ནང་ང་ཚོའི་སྤྱི་ཚོགས་ནང་ཆབ་སྲིད་དང་དམངས་གཙོ་སོགས་ལ་རེ་བ་མང་པོ་བརྒྱབ་པ་རེད། འོན་ཀྱང་ང་ཚོའི་སྤྱི་ཚོགས་འདི་ལྟར་འགྲོ་སྟངས་ལ་བལྟས་ཡོང་ན། རྒྱ་ཆེན་པོའི་བག་ཆགས་ཤིག་འཇོག་མ་ཐུབ་ཀྱང་སྤྱི་ཚོགས་ཆིག་སྒྲིལ་གྱི་ངོ་བོར་གནས་དགོས་པ་དེ་གལ་ཆེ་ཤོས་རེད། དེ་ཡོང་ཐབས་ལ་འོས་བསྡུ་གཅིག་བྱས་ན་དྲག་པ་མེད་འགྲོ་བསམ་པ་ཡིན། ཞེས་བརྗོད་སོང་།

སྤྱི་འཐུས་ཨ་ཀྲུག་ཚེ་བརྟེན་ལགས་ཀྱིས་བརྗོད་དོན། ང་རང་གི་བསམ་ཚུལ་དེ་གསལ་བོ་ཡིན། ནམ་བཞག་རྒྱུན་དུ་ནས་སྐད་ཆ་ག་རེ་བཤད་ཀྱང་སོ་སོའི་བསམ་ཚུལ་དེ་ཤོད་ཀྱི་ཡོད། འོས་བསྡུ་ཐེངས་གཅིག་བྱེད་དམ་གཉིས་བྱེད་ལས་ཐེངས་གཅིག་བྱེད་དགོས་ཟེར་གྱི་ཡོད།

འོས་བསྡུ་ཐེངས་གཉིས་བྱས་ན་སྐྱོན་ག་རེ་ཡོད་པ་རེད་ཟེར་ན། ང་ཚོ་རྩ་དོན་འཐབ་རྩོད་པ་ཞིག་ཡིན་པ་དང་། རྩ་དོན་འཐབ་རྩོད་པ་ཞིག་གི་སྲོག་རྩ་ལྟ་བུ་དེ་རྡོག་རྩ་གཅིག་བསྒྲིལ་རེད། རྡོག་རྩ་གཅིག་སྒྲིལ་བྱས་ཏེ་རྩ་དོན་རྩོད་དགོས་ན་རྡོག་རྩ་གཅིག་སྒྲིལ་ལ་གཏོར་བཤིག་གཏོང་པའི་ལམ་ཁ་དེ་འཇོག་རྒྱུ་ཡོད་པ་མ་རེད། འོས་བསྡུ་ཐེངས་གཉིས་ཀྱི་ལམ་ལུགས་དེས་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་ཤུགས་ཆེན་པོ་འགྲོ་བ་དང་། ང་ཚོའི་རྩ་དོན་ནུས་ཤུགས་གཅོག་མཁན་རྒྱ་ནག་གཞུང་གིས་ཀྱང་དེའི་ནང་ལག་པ་བསྐྱངས་ཡོང་བ་གི་ཡོད་པ་རེད། དེ་བཞིན། བོད་མིའི་སྒྲིག་འཛུགས་ལ་བློ་ལོག་མཁན་དོལ་རྒྱལ་རྗེས་འབྲང་བ་ཚོའང་དེའི་བར་འཛུལ་ཡོང་གི་ཡོད་པ་རེད། དེ་ལ་ང་ཚོའི་མང་ཚོགས་མགོ་འཐོམ་ཏེ་ང་ཚོའི་སྤྱི་ཚོགས་ནང་ཁྱོད་ཤི་ང་གསོན་ལྟ་བུའི་གནས་སྟངས་དེ་འོས་བསྡུ་སྔོན་འགྲོ་དང་དངོས་གཞིའི་བར་དུ་ཡོང་གི་ཡོད་པ་རེད།

འོས་ཐེངས་གཅིག་ལའང་ཉེན་ཁ་མེད་པ་མིན་ཡང་། དུས་ཚོད་ཐུང་ཐུང་ཞིག་གི་ནང་ལ་ཚར་འགྲོ་བཞིན་ཡོད་སྟབས་ཉེན་ཁ་ཆུང་བ་ཡོད་པ་རེད། མང་ཚོགས་ཀྱིས་འོས་སུ་ལ་ལྡུག་དགོས་ཧ་གོ་དང་མ་གོའི་དཀའ་ངལ་དེ་ད་ལྟ་ཡོད་པ་མ་རེད། ད་ལྟའི་བརྡ་འཕྲིན་དུས་རབས་ནང་གནས་ཚུལ་ག་རེ་ཡིན་ཡང་ཆུ་ཚོད་ ༢༤ ནང་གསལ་བོ་ཆགས་འགྲོ་བཞིན་ཡོད་པ་རེད། དེར་བརྟེན། མང་ཚོགས་ལ་འདམ་ག་མ་རག་པ་དང་དུས་ཚོད་མ་འདང་བའི་དཀའ་ངལ་ཡོད་པ་མ་རེད།

འོས་ཐེངས་གཅིག་བླུགས་པ་དང་ཐེངས་གཉིས་བླུགས་པ་གཉིས་ཀྱི་མཇུས་འབྲས་གཅིག་པ་རེད། དཔེར་ན། ང་རང་ལ་ཆ་བཞག་ན་འོས་གསུམ་ལྡུག་ཆོག་པ་རེད། ངས་སྔོན་འགྲོའི་སྐབས་སུ་སྲིད་སྐྱོང་སུ་ལ་འོས་བླུགས་པ་དེ་དངོས་གཞིའི་སྐབས་རང་འཇགས་བསླེབས་ཡོད། ཆོས་བརྒྱུད་སྤྱི་འཐུས་ལ་མཚོན་ན་ངས་སྔོན་འགྲོའི་སྐབས་འོས་བླུགས་པ་དེ་དངོས་གཞིའི་སྐབས་སུ་དང་པོ་གཉིས་པ་ཆགས་ཡོད་པ་རེད། དེ་བཞིན། ཆོལ་ཁའི་སྤྱི་འཐུས་བཅུ་ལས་གཅིག་མ་གཏོགས་རང་འཇགས་བསླེབས་ཡོད་པ་རེད།

འོས་བསྡུའི་ཚོགས་ཆུང་གིས་གསུངས་པ་ལྟར། རྒྱ་ཆེའི་མང་ཚོགས་ཀྱི་བསམ་ཚུལ་བསྡུས་ཡོད་ཀྱང་། ང་རང་གི་བསམ་ན་དེའི་ནང་ཁ་གདངས་སྡོད་མཁན་ཚོའི་བསམ་ཚུལ་མ་གཏོགས། གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་དེ་བསླེབས་ཡོད་པ་མ་རེད་བསམ་གྱི་འདུག དཔེར་ན། ཁ་སང་གི་གནས་ཚུལ་དེའི་རྗེས་ལ་ང་རང་སྒེར་ལ་མང་པོ་ཞིག་གིས་འབྲེལ་བ་བྱས་ཏེ། ང་ཚོའི་བསམ་བློ་དེ་ཕུལ་ཐུབ་མ་སོང་། འོས་གཅིག་བྱས་ན་ཡག་པོ་འདུག་གསུང་མཁན་མང་པོ་བྱུང་སོང་། ད་ལྟ་དྲ་ཐོག་ཏུ་འོས་བསྡུ་ཞིག་འགྲོ་བསྡད་པའི་ནང་འོས་ཐེངས་གཅིག་ལྡུག་རྒྱུ་དེ་བརྒྱ་ཆ་བདུན་ཅུ་དོན་གཉིས་དང་། ཐེངས་གཉིས་ལྡུག་རྒྱུ་དེ་བརྒྱ་ཆ་ཉི་ཤུ་རྩ་གྲངས་ཤིག་རེད། ཅེས་བརྗོད་སོང་།

སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་བརྗོད་དོན། ངའི་ལངས་ཕྱོགས་ཟེར་ན་རེད། ལྟ་ཕྱོགས་དེ་དངོས་གཞི་དང་སྔོན་འགྲོ་གཉིས་དགོས་པ་དེ་རེད། མང་ཚོགས་ཀྱིས་དགོངས་འཆར་གསུངས་ཡོད་པ་དེ་ང་ཚོའི་གཞུང་འབྲེལ་གྱི་ཐོག་ནས་ས་གནས་མགོ་འཛིན་ཡོད་ས་ཚང་མར་གསལ་བསྒྲགས་བྱས་པ་རེད། སྐུ་ཚབ་དོན་གཅོད་ཡོངས་རྫོགས་ལ་གསལ་བསྒྲགས་བྱས་པ་རེད། དེ་འདྲའི་བརྒྱུད་རིམ་ཁྲོད་ནས་བསམ་ཚུལ་བསླེབས་པ་ཞིག་རེད་མ་གཏོགས། དེ་རིང་ཁ་སང་དྲ་ལམ་བརྒྱུད་དེ་བསམ་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་དེ་འདྲ་མ་རེད། གལ་སྲིད་མང་ཚོགས་ཀྱིས་སྐབས་དེར་དགོངས་ཚུལ་གསུངས་མེད་ན། སུས་བཀག་པ་རེད། དེ་འགོག་པ་པོ་སུ་རེད། ང་ཚོའི་ངོས་ནས་དེ་དང་འདིའི་ཐོག་ལ་དགོངས་འཆར་འདོན་ཆོག་གི་མ་རེད་གང་ཡང་ལབ་མེད། མི་མང་ལ་དགོངས་ཚུལ་གང་ཡོད་པ་དེ་འཁྱེར་ཤོག་ལབ་ཡོད་པ་རེད། ང་ཚོར་འབྱོར་བསྡད་པའི་བསམ་ཚུལ་ནང་དུ་སྔོན་འགྲོ་དང་དངོས་གཞི་དགོས་ཀྱི་ཡོད་པ་གསལ་བོ་རེད།

ད་ལྟའི་ང་ཚོའི་གསུང་སྟངས་བྱས་ན་ཆིག་སྒྲིག་གསུང་གི་ཡོད་པ་རེད། ཕྱོགས་གཅིག་ནས་ཆིག་སྒྲིལ་དགོས་ཀྱི་རེད། ཡིན་དང་ཡིན། ཆིག་སྒྲིལ་མ་ཡོང་བའི་རྐྱེན་དེ་སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པའི་རྐྱེན་གྱིས་རེད་དམ། དངོས་ཡོད་གནས་ཚུལ་དེ་ང་ཚོས་ཁས་ལེན་དགོས་པ་རེད། ཁ་སང་དེ་རིང་དྲ་ལམ་གྱི་ཆུ་ཚོད་ཡིན་སྟབས། ཆུ་ཚོད་ ༢༤ ནང་ཡོངས་རྫོགས་ཁྱབ་འགྲོ་བ་རེད་གསུང་གི་ཡོད་པ་རེད། དེ་འདྲ་ཡིན་ན། ཆུ་ཚོད་ཉེར་བཞི་བཞག་ནས་ཆུ་ཚོད་ ༡༢ ནང་ལ་ང་ཚོས་འོས་བསྡུ་བྱེད་ཐུབ་པ་རེད་དམ། ཁ་སང་དཔལ་ལྡན་སྲུད་སྐྱོང་མཆོག་གིས་གསུངས་པ་དེ་ག་རང་རེད་ལ། དེ་རིང་སྤྱི་འཐུས་མཆོག་གི་གསུངས་པའང་དེ་ག་རང་རེད།

ང་ཚོའི་ཆིག་སྒྲིལ་སོགས་ཀྱི་ཐོག་ལ་མི་སོ་སོའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད། འོས་བསྡུའི་སྒྲིག་གཞི་ཟེར་བ་དེ་གནད་དོན་གཅིག་རེད་མ་གཏོགས་གཙོ་བོ་དེ་མི་སོ་སོའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་གཏོང་དགོས་པ་རེད། ང་ཚོས་ཆིག་སྒྲིལ་ཡོང་བའི་ཆེད་དུ་ག་རེ་གནང་དགོས་པ་དེ་སོ་སོའི་ངོས་ནས་བསམ་བློ་གཏོང་དགོས་པ་རེད། སོ་སོའི་ངོས་ནས་འགྱུར་བ་གཏོང་མ་ཐུབ་པ་ཡིན་ན། སྒྲིག་གཞི་ག་ཚོད་འགྱུར་བ་བཏང་ཡང་ཁྱད་པར་དེ་ཙམ་འགྲོ་བ་རེད་བསམ་གྱི་མི་འདུག དེར་བརྟེན། དམངས་གཙོ་ཡང་དག་པ་ཞིག་གི་ཐོག་ལ་འགྲོ་དགོས་ན། མང་ཚོགས་ཀྱི་དགོངས་པའི་ནང་གང་ཡོད་པ་དེ་ཡོང་དགོས་པ་ཞིག་དང་། ལྷག་པར་དུ་ང་ཚོ་ནང་པ་སངས་རྒྱས་པ་ཡིན་གསུང་གི་ཡོད་སྟབས། གང་ལྟར་ཡ་རབས་བཟང་སྤྱོད་དང་མཐུན་པ་ཞིག་ཡོང་དགོས་པ་རེད། འོས་བསྡུ་གཅིག་བྱས་ན་དམངས་གཙོ་ཡང་དག་པ་ཞིག་གོ་ཐོག་ལ་འགྲོ་ཐུབ་མ་རེད་དམ་མ་རེད་དྲི་རྟགས་མང་པོ་ཞིག་ཡོད་པ་རེད། ཅེས་བརྗོད་སོང་།

སྤྱི་འཐུས་ཐུབ་བསྟན་རུང་རིགས་ལགས་ཀྱིས་བརྗོད་དོན། འོས་བསྡུའི་སྒྲིག་གཞིའི་ཐོག་ནས་སྤྱི་ཚོགས་ལ་བརྡབ་གསིག་ཕྱིན་པ་ཞིག་ངོས་ལེན་བྱེད་ཀྱི་མེད་པ་དེ་ཡོངས་གྲགས་རེད། དེ་ང་ཚོས་ཁས་ལེན་ན་འདྲ་མ་ལེན་ན་འདྲ་དེ་ག་རང་རེད། བརྡབ་གསིག་ཕྱིན་པ་དེ་ག་རེ་སྒང་ལ་ཕྱིན་པ་རེད་ཟེར་ན། ཆིག་སྒྲིལ་སྒང་ལ་ཕྱིན་པ་རེད། འོས་གཞི་ལ་ལང་མཁན་མི་གཉིས་པོ་དེའི་ཐོག་ནས་སྤྱི་ཚོགས་ནང་བཀའ་མོལ་གནང་ཕྱོགས་ཐོག་ནས་མང་ཚོགས་ཀྱི་བསམ་ཚུལ་ལ་དོ་ཕོག་ཕྱིན་པ་དེ་དངོས་ཡོད་རེད། དེ་ལ་སྦེད་ས་ཡོད་པ་མ་རེད། སྤྱི་ཚོགས་ལ་བརྡབ་གསིག་ཐེབས་ས་གཙོ་བོ་གཅིག་འོས་གཞི་སོ་སོར་རྒྱབ་སྐྱོར་བྱེད་མཁན་ཚོའི་ངོས་ནས་རྒྱབ་སྐྱོར་བྱེད་སྟངས་ཀྱི་ཐོག་ནས་སྤྱི་ཚོགས་དང་ཆོལ་ཁ། དེའི་བར་ལ་བརྡབ་གསིག་འགྲོ་བའི་བཀའ་མོལ་བེད་སྤྱོད་བཏང་བཞག་ཡོད་པ་དེ་ང་ཚོས་མཐོང་རྒྱུ་ཐོས་རྒྱུ་གཉིས་ཆ་ཡོད་པ་རེད། དེ་སྦེད་ས་ཡོད་པ་མ་རེད། དེའི་ཐོག་ནས་སྤྱི་ཚོགས་ལ་བརྡབ་གསིག་ཕྱིན་པ་རེད་མ་གཏོགས། སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པའི་ཐོག་ནས་སྤྱི་ཚོགས་ལ་བརྡབ་གསིག་རྩ་བ་ནས་ཕྱིན་ཡོད་པ་མ་རེད་ཅེས་བླ་མ་དཀོན་མཆོག་བྱས་ཏེ་བཤད་ན་འགྲིག་གི་རེད།

གཉིས་པ་དེ་ད་ལྟ་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་ཟེར་ན། ད་ལྟ་འོས་བསྡུ་གཅིག་དགོས་ཀྱི་འདུག ཁ་སང་ང་ཚོར་བསམ་འཆར་འབུལ་རྒྱུའི་གོ་སྐབས་རག་མ་སོང་ཞེས་ཞལ་པར་ཕུལ་ཡོང་གི་འདུག་གསུང་གི་ཡོད་པ་རེད། དེ་ལ་དགོངས་པ་བཞེས་དང་། འགན་མ་འཁུར་བའི་སྐད་ཆ་རེད། འོས་བསྡུའི་ཚོགས་ཆུང་གིས་བསམ་ཚུལ་འཁྱེར་ཤོག་གསུངས་དུས་ཕུལ་ཡོད་པ་མ་རེད། ད་ལྟ་ཐག་གཅོད་པའི་མཚམས་ལ་བསླེབས་སྐབས་ཞལ་པར་ཕུལ་ཡོང་སྟེ། ཁ་སང་ང་ལ་བསམ་འཆར་ཕུལ་བའི་གོ་སྐབས་རེག་མ་སོང་། ང་ལ་འོས་བསྡུ་གཅིག་དགོས་མཁན་དེ་ཡིན་གསུངས་ཀྱི་ཡོད་ན་དེ་འགན་མ་འཁུར་བའི་སྐད་ཆ་རེད། འགན་མི་འཁུར་མཁན་གྱི་མི་དེ་དག་ལ་ང་ཚོས་ཆ་འཇོག་ག་ཚོད་བྱེད་ཐུབ་བམ། སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སྐུ་དབང་མར་གནང་ཚར་བའི་རྗེས་ཀྱི་བཀའ་བློན་ཁྲི་བ་དང་པོའི་འོས་བསྡུའི་སྐབས། ང་ཚོའི་སྤྱི་ཚོགས་ལ་དཀའ་ངལ་རྩ་བ་ནས་འཕྲད་ཡོད་པ་མ་རེད། དེ་གང་ཡིན་ཟེར་ན། འོས་བསྡུའི་འགྲོ་སྟངས་ལྟར་བཞེངས་མཁན་སོ་སོས་ཁྱབ་བསྒྲགས་གནང་གི་ཕྱིན་པ་རེད་མ་གཏོགས། གཅིག་གིས་གཅིག་ལ་ཕར་ཚུར་སྐྱོན་འཛུགས་བྱེད་པའི་ལམ་ཁ་དེའི་ཐོག་ཕྱིན་ཡོད་པ་མ་རེད།

གཉིས་ནས་དེའི་ཐོག་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ད་ལྟའི་འོས་བསྡུ་ཆེན་མོའི་སྐབས་ལྟར་ཕར་ཚུར་རང་རྒྱལ་གཞན་ཕམ་གྱི་བསམ་བློ་འཁྱེར་ནས་སྐྱོན་བརྗོད་བྱས་ཡོད་པ་མ་རེད། སྐྱོན་བརྗོད་བྱུང་ས་དེ་ཐེངས་འདིའི་འོས་བསྡུའི་སྐབས་སུ་བྱུང་བ་རེད། ད་ལྟ་བརྡ་འཕྲིན་དུས་རབས་ཡིན་སྟབས། གནས་ཚུལ་ག་རེ་ཡིན་ཡང་སྐར་མ་ཁ་ཤས་ནང་ཧ་གོ་ཡི་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་གལ་པོ་ཆེ་ལ་ནན་ཏན་གྱིས་ཞུ་རྒྱུ་ལས་གསར་པ་གཞན་གང་ཡང་ཞུ་རྒྱུ་མེད། སྔོན་འགྲོ་དང་དངོས་གཞི་གཉིས་ཡོད་པའི་རྐྱེན་གྱིས་སྤྱི་ཚོགས་ནང་བརྡབ་གསིག་རྩ་བ་ནས་བྱུང་ཡོད་པ་མ་རེད་ཞུ་རྒྱུ་ཡིན། དོ་བདག་དང་། དེའི་སྟེང་རྒྱབ་སྐྱོར་བྱེད་མཁན་ཁ་ཤས་དངོས་སུ་འཐོན་པ་དང་ཁ་ཤས་ལྐོག་ནས་བཤད་དེ་ད་ལྟའི་སྤྱི་ཚོགས་ནང་གི་རྙོག་གྲ་དེ་བྱུང་བ་རེད། ཅེས་བརྗོད་སོང་།

 

 

གསར་འགོད་པ་པདྨ་མཚོ་དང་པདྨ་རྒྱལ་གཉིས་ཀྱིས་བསྡུ་སྒྲིག་བྱས།

 

བསྐྱར་བཅོས།: ༢༠༡༧/༠༣/༢༩

Leave a Reply

5 thoughts on “འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཐད་སྤྱི་འཐུས་ཁག་ཅིག་གི་དགོངས་ཚུལ།

  1. བཀྲ་ཡེ་ཚང་།

    སོ་སོའི་སྐྱེས་བོ་ཞིག་ཡིན་ནས་བཟུང་ཕྱོགས་ལྷུང་དང་མ་བྲལ་བ་ཡིན་ཡིན་པ་རེད་་་་་་གང་ལྟར་སྤྱི་ཚོགས་ལ་ཕན་མ་ཐོག་ཀྱང་གནོད་མི་སྐྱེལ་བའི་སྐད་ཆ་རེ་བཤད་རྒྱུ་གལ་ཆེ།

  2. སྲས་སྐུ་ངོ་།

    མང་ཚོགས་ལ་སྲིད་དོན་གོ་རྟོགས་མེད་པ་དང་དད་ལོག་ཆེ་བ། ཆོལ་ཞེན་ཆེ་བ། འོས་མི་གང་མང་ཞིག་ལ་སྲིད་དོན་འཁྲབ་སྟངས་ངན་པ་ཡིན་སྟབས། སྔོན་འགྲོ་འོས་བསྡུ་དང་དངོས་གཞི་འོས་བསྡུ་ཡོད་ཀྱང་མེད་ཀྱང་གཅིག་པ་རེད།

  3. བསྟན་འཛིན་དབང་རྒྱལ་

    འོས་བསྡུ་ཐེངས་གཅིག་བྱས་ན་འོས་མི་ཚད་ལྡན་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན་པ་ས་རིས་ཐང་གསལ་རེད་
    མ་ཟད་རང་ཅག་བོད་མི་རྒྱལ་ཁབ་འདྲ་མིན་དུ་གནས་ཡོད་སྟབས་ས་གནས་སོ་སོའི་ཁྲིམས་ལུགས་དང་རང་སྒེར་
    གྱི་ལས་དུས་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་འོས་འཕེན་གོ་སྐབས་མང་པོ་ཤོར་རྒྱུ་སོང་་་་འོས་འཕེན་ཆ་ཤས་ལེན་མཁན་ཉུང་དུ་འགྲོ་སྲིད་པས་ སྔར་བཞིན་འོས་ཐེངས་གཉིས་དེ་གནོད་ལས་ཕན་ཆེ་བ་ཡོད་

  4. བཀུར་འོས་སྤྱི་འཐུས་རྣམ་པའི་གསུང་མོལ་ཧ་ཅང་རིན་ཐང་ཅན་གནང་འདུག མང་ཚོགས་ལ་བརྡ་ལན་དང་གོ་རྟོགས་ཡག་པོ་སྤྲོད་ཐུབ་ས་རེད། ཅུང་མི་ལེགས་ས་ཞིག་ནི་གསུང་བཤད་གནང་མཁན་ཕྱི་མ་ཕྱི་མས་སྔ་མའི་སྔ་མ་ཅུང་དགག་པའི་ཟོལ་མཛད་འདུག