ཡིད་སྐྱོའི་གནས་ཚུལ།

དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།

༄༅། །བདག་ཅག་རྣམས་ལ་བཀའ་དྲིན་བླ་མེད་དུ་ཆེ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ྋསྐྱབས་མཆོག་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་དཀོན་མཆོག་ཚེ་རིང་དཔལ་བཟང་པོ་མཆོག་ཉིན་ཤས་རིང་སྐུ་ཁམས་ཅུང་སྙུན་ཚུལ་བསྟན་པར་ཞབས་རིམ་ཞུ་སྒོ་ཁག་ཐུགས་བརྟག་ནང་གསལ་བཞིན་ཞུས་ཤིང༌། སྨན་པར་བསྟེན་གཏུགས་མཛད་ཀྱང་དྭངས་སྐྱེད་ཆེར་མ་བཞེས་སྟབས། ཕྱི་ལོ་༢༠༡༦ ཕྱི་ཟླ་༡༢ཚེས་༢༡ཉིན་གྱི་དགོང་དྲོ་སྐུ་གཤེགས་ཁར་བླ་བྲང་གི་ཞབས་གྲས་རྣམས་བསྡུ་སྐོང་གིས།༡ སྐུ་ཕུང་ཞུགས་འབུལ་གྲྭ་རྐྱང་དཀྱུས་མ་བཞིན་བྱ་རྒྱུ་དང༌།༢ སྐུ་རུས་རྣམས་ལ་རུས་ཆོག་བྱས་ཏེ་ས་གཙང་ཞིག་ཏུ་འཇོག་རྒྱུ་ལས་ཚ་ཚ་དང་མཆོད་རྟེན་མ་བཞེངས།༣ ཡང་སྲིད་རྩད་གཅོད་མི་དགོས། འོན་ཀྱང་ང་ཡིན་ཞེས་ཚུར་ཡོང་ན་བདག་པོ་ཡག་པོ་རྒྱོབ། སྐུ་ཕུང་ཞུགས་འབུལ་བྱེད་ཕྱོགས་ཚོགས་ཆེན་དབུ་མཛད་དགེ་བཤེས་བསྟན་འཛིན་རྣམ་དག་གིས་འགན་ཁུར་གྱི་རེད། ཅེས་ཞལ་ཆེམས་དོན་ཚན་གསུམ་གནང་སྟེ་རེ་ཞིག་དགོངས་པ་ཞི་དབྱིངས་སུ་གཤེགས་ཚུལ་བསྟན།

དགོངས་པ་མ་རྫོགས་པའི་ཉིན་གཉིས་ཀྱི་གོང་སྟེ། ཕྱི་ཚེས་ ༡༩ ཉིན་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་སྙན་གསན་ཞུས་དོན་བཞིན་དཔལ་ལྡན་འབྲས་སྤུངས་སུ་ྋརྒྱལ་བ་ཡིད་བཞིན་ནོར་བུ་མཆོག་མཇལ་ཁ་ཞུས་ཤིང་ཉིད་ཀྱིས་བཀའ་རྩོམ་གནང་བའི་བསྡུས་གྲྭའི་ཕྱག་དེབ་དེ་ཡང་སྤྱན་འབུལ་ཞུས་པར། ྋརྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་སྤྱན་གཟིགས་གནང་ནས་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་དང་བཅས་དཔེ་ཡག་པོ་བྲིས་གནང་འདུག ཐུགས་རྗེ་ཆེ་གསུངས་གནང་བ་དང༌། གཞན་ཡང་བཀའ་སློབ་སྙིང་པོ་ཅན་མང་དུ་ཕེབས། དེ་སྐབས་དམ་པ་ཁོང་ལ་མཚོན་ན་ཅི་འདྲའི་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད་པར་མ་ཟད། གང་ཉིད་ཀྱི་སྐུ་ཚེ་མཐའ་མཇུག་ཏུ་དུས་གསུམ་རྒྱལ་བ་ཀུན་ལས་བཀའ་དྲིན་བླ་མེད་དུ་ཆེ་བ་རང་གི་རྩ་བའི་བླ་མ་ྋརྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་ཞལ་མཇལ་གསུང་ཐོས་ངང་ཚེ་རབས་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོས་འབྲལ་མེད་རྗེས་འཛིན་ཡོང་བའི་གསོལ་འདེབས་ཞུ་རྒྱུ་བྱུང་བ་ནི་ཚེ་རབས་མང་པོའི་སྔོན་ནས་ལས་སྨོན་གྱི་འབྲེལ་བ་དམ་ཟབ་ཡོད་པར་གོར་མ་ཆག

དགོངས་པ་རྫོགས་ནས་ཐུགས་དམ་འོད་གསལ་དུ་ཉིན་བརྒྱད་བཞུགས་པའི་རིང༌། དགའ་ཤར་གྲྭ་ཚང་གི་སློབ་གཉེར་བ་རྣམས་ཀྱིས་རྩ་བ་ལྔ་དང༌། དབུ་མ་རིགས་ཚོགས་དྲུག དབུ་མ་བཞི་བརྒྱ་པ། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་ཆེན་མོ། འགྲེལ་བ་དོན་གསལ། བརྒྱད་སྟོང་པ། འཇམ་དཔལ་མཚན་བརྗོད། མདའ་ཀ་ཡེ་ཤེས་ཀྱི་མདོ། ཐར་པ་ཆེན་པོའི་མདོ། དྲང་ངེས་ལེགས་བཤད་སྙིང་པོ། དབུ་མ་དགོངས་པ་རབ་གསལ། རྩ་ཤེས་ཊཱིཀ་ཆེན། ལེགས་བཤད་གསེར་ཕྲེང། ཀུན་གཞི་རྩ་འགྲེལ། ལམ་རིམ་ཆེ་འབྲིང་ཆུང་གསུམ། རྣམ་འགྲེལ་ཐར་ལམ་གསལ་བྱེད་སོགས་གཞུང་ཆེན་ཁག་གི་རྩ་བ་དང་འགྲེལ་བ་ཉིན་མཚན་གཉིས་ལ་རྒྱུན་མི་འཆད་པར་སྐྱོར་བར་མཛད། བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་གསང་འདུས་རྩ་རྒྱུད་དང༌། ཡིད་དམ་གསང་བདེ་འཇིགས་གསུམ་གྱི་བདག་འཇུག རྣལ་འབྱོར་མའི་བདག་འཇུག ཙིཏྟ་མ་ཎིའི་བདག་འཇུག སྨན་བླ་མདོ་ཆོག བླ་མཆོད་བདེ་སྟོང་དབྱེད་མེད་སོགས་གསུང་ཆོག་མཛད།

ཕྱི་ཚེས་ ༣༠ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཞུགས་འབུལ་བསྲེག་ཆོག་སྐབས་ཞལ་ཆེམས་ལྟར་པུར་ཁང་མ་བཞེངས་པར་སྐྱབས་མཆོག་ཟོང་མཆོག་སྤྲུལ་རིན་པོ་ཆེས་ལས་སློབ་མཛད་དེ་གྲྭ་ཚང་གི་མཁན་གདན་ཟུར་དང་རྒྱུད་སྟོད་མཁན་ཟུར་རྣམས་ཀྱིས་གཙོས་བླ་སྤྲུལ་དགེ་བཤེས་རྣམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའི་སྒོ་ནས་མེ་མཆོད་མཛད་རྗེས་སྐུ་རུས་རིང་བསྲེལ་གདན་ཞུའི་སྐབས་རིང་བསྲེལ་མང་པོ་འཁྲུངས་པ་རྟེན་སྐལ་དུ་བྱུང།

ཐོག་མར་ཞིང་ཁམས་བརྗེས་འཕྲལ་ྋགོང་ས་ྋརྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གིས་དབུས་སྐྱེས་ཆེན་དམ་པ་རྣམས་ལ་སྐྱབས་ཞུ་བསྔོ་རྟེན་དང༌། གནས་མཆོག་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཐེངས་སོ་བཞི་པའི་སྐབས་མཆོད་འབུལ་བསྙེན་འགྱེད། སྐུ་ཚིགས་སོ་སོར་དགོངས་རྫོགས་མཆོད་སྤྲིན་དང༌། འདི་ཟླའི་ཆེས་ ༡༡ ཉིན་བླ་མཆོད་ཚོགས་འཁོར་འབུལ་བཤམས་དང་འབྲེལ་དགུང་ཞག་ཞེ་དགུའི་མཆོད་འབུལ་བསྙེན་འགྱེད་རྒྱ་ཆེ་ཞུས། དགའ་ཤར་གྲྭ་ཚང་གི་ཕྱག་མཛོད་གསར་རྙིང་དང༌། སློབ་གཉེར་ལྷན་ཚོགས། བླ་བྲང་ཁག།ཕུ་ཁང་ཁང་ཚན་སོགས་ཁང་ཚན་ཁག།གངས་དཀར་སྤྲུལ་སྐུ་དང་འབྲེལ་ཡོད་སེར་སྐྱ་ཐུན་མོང༌། ཕྱི་ནང་གི་དད་ལྡན་སློབ་མ་རྣམས་ཀྱིས་ཀྱང་མཆོད་འབུལ་བསྙེན་འགྱེད་ཞུས།

དམ་པ་ཁོང་ནི། ཕྱི་ལོ་ ༡༩༣༤ ལོར་མདོ་སྟོད་སྨར་ཁམས་སྨར་ཁམས་ཤིང་གྲོང་སྤོས་གསར་ཚང་གི་ཡབ་འ་ཕན་དང་ཡུམ་བློ་བཟང་ལྷ་མོའི་སྲས་སུ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་ལ་ཟེའུ་འབྲུ་དགོན་དུ་སྒྲིགས་ཞུགས་ཀྱིས་ཀ་སྟེང་བླ་མ་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་མཆོག་གི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་ལ་དབུས་ཕྱོགས་སུ་ཕེབས་ཏེ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཕུ་ཁང་ཁང་ཚན་དུ་སྒྲིགས་ཞུགས་ཀྱིས་གཞུང་ཆེན་ཁག་ལ་སློབ་གཉེར་གནང༌།

ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་རྗེས་སྦག་ས་ཆོས་སྒར་དུ་སློབ་གཉེར་འཕྲོ་སྐྱོང་དང༌། ༡༩༦༨ ལོ་ནས་ཝཱ་ན་བོད་ཀྱི་ཆེས་མཐོའི་སློབ་གཉེར་ཁང་དུ་ལོ་གསུམ་རིང་སློབ་གཉེར་གནང་སྟེ་ཨ་ཙཱརྱའི་ཕྱག་ཁྱེར་བཞེས། དེ་ནས་དགེ་ལྡན་ལུགས་བཟང་གཙུག་ལག་ཁང་དུ་ལྷ་རམས་ལོ་རིམ་གཉིས་དང་ཉམས་ཞིབ་ལོ་གཅིག་གི་རྩོམ་རྒྱུགས་སུ་སེམས་ཀྱི་རང་བཞིན་གསལ་བའི་མེ་ལོང་ཞེས་པ་ལེའུ་བརྒྱད་ཀྱི་བདག་ཉིད་ཅན་མཛད་དེ། ༡༩༨༠ ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་ཨང་རིམ་དང་པོའི་མཚན་རྟགས་དང་ཕྱག་ཁྱེར་བཞེས། ༡༩༨༥ ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་ཕྱོགས་ལ་སློབ་གཉེར་གནང་སྟེ་སྔགས་རམས་པའི་དམ་འཇོག་མཛད།

༡༩༨༨ ལོའི་ནང་བོད་གཞུང་ཆོས་རིག་ལས་ཁུངས་ནས་ཨ་རིར་ཡེ་ཤུའི་དགོན་ཁག་ ༣༣ ཙམ་ལ་ལྟ་སྐོར་དང་འཛམ་གླིང་ནང་པའི་ཆོས་ཚོགས་ཀྱི་བགྲོ་གླེང་ལ་ཆེད་གཏོང་གནང་བ་བཞིན་ཕེབས་ཏེ་ནང་ཆོས་དང་བོད་དོན་ཁྱབ་བསྒྲགས་རྒྱ་ཆེར་མཛད། སྐབས་དེར་ཨ་རིར་སློབ་ཕྲུག་ཉིས་ཁྲི་ལྔ་སྟོང་ཡོད་པའི་མཐོ་སློབ་ཁང་ཞིག་ཏུ་ཟླ་བ་གསུམ་བཞུགས་རིང་ནང་ཆོས་འཆད་སྤེལ་དང༌། ཞོར་དུ་འདུལ་བ་པོད་བཅུ་གསུམ་ལ་ཞིབ་ཏུ་གཟིགས་རྟོགས་དང༌། དོན་གཉེར་ཅན་འགའ་ལ་ལེགས་བཤད་སྙིང་པོ་དང་གསེར་ཕྲེང་སོགས་འཆད་ཁྲིད་མཛད།

དེ་རྗེས་གདན་ས་དགའ་ལྡན་དུ་གཏན་བཞུགས་ཀྱིས་གཙོ་བོ་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་ཀྱི་མཛད་འགན་བཀའ་དྲིན་བསྐྱངས། ༡༩༨༩ ལོ་ནས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་སློབ་གཉེར་ཐོག་མར་འཛུགས་སྐབས་ནས་དཔེ་ཁྲིད་དགེ་རྒན་གནང༌།༡༩༩༠ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བྱེས་ཀྱི་གདན་ས་ཆེན་པོ་དགའ་ལྡན་ཚོགས་ཆེན་འདུ་ཁང་གསར་བཞེངས་ལེགས་གྲུབ་དབུ་འབྱེད་མཛད་སྒོ་བཀའ་དྲིན་བསྐྱངས་སྐབས་དགའ་བྱང་ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་རྒན་བློ་བཟང་ཆོས་འབྱོར་མཆོག་དང་ལྷན་དུ་དཀར་སྤྲོའི་ཚོགས་བཞེངས་ཐོག་བགྲོ་གླེང་གནང་བར་མཁས་ཀུན་མགུ་བ་སྐྱེད་པར་མཛད།

༡༩༩༦ ལོར་སྤྱི་ནོར་ྋགོང་ས་ྋརྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ནས་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་དགོངས་དོན་བཞིན་སློབ་གཉེར་གཙོར་བཟུང་གིས་གྲྭ་ཚང་གི་གནང་སྒོ་མཐའ་དག་མཛད་ཁུར་ཡང་དག་པར་བཞེས། གྲྭ་ཚང་གི་སློབ་གཉེར་བ་གཙོར་གྱུར་གྱིས་འདུས་མང་ལ་སྔ་ཕྱིར་དབུ་མ་དགོངས་པ་རབ་གསལ། དྲང་ངེས་ལེགས་བཤད་སྙིང་པོ། ཀུན་གཞི་རྩ་འགྲེལ། སྤྱོད་འཇུག་ཆེན་མོ། རྣམ་རྩ་ས་བཅད་སྦྲགས་མའི་སྟེང་ནས་བཤད་ཁྲིད། སེམས་ཀྱི་རང་བཞིན་གསལ་བའི་མེ་ལོང་དང༌། བསྡུས་གྲྭའི་རིགས་ལམ་གནད་ཀུན་གསལ་བའི་མེ་ལོང་གི་བཤད་ལུང༌། རྩ་བ་ལྔ། དབུ་མ་རིགས་ཚོགས་དྲུགདབུ་མ་བཞི་བརྒྱ་པའི་ལུང་རྒྱུན་སོགས་སྩལ།

གཙོ་ཆེར་ཉིན་རེར་ཆུ་ཚོད་བཞིའམ་ལྔ་ལས་མི་ཉུང་བར་སློབ་གཉེར་བའི་ཚོགས་ལ་དཔེ་ཁྲིད་རྒྱུན་དུ་མཛད་དེ། དཔེ་ཁྲིད་གནང་རྒྱུར་ཐུགས་ཧ་ཅང་སྤྲོ་ཞིང༌། སྐབབས་འགར་ཐ་སྙད་ཚིག་གི་ཕྲེང་བསྒྲིགས་ཀྱི་རྩོད་པ་ཉམས་མཚར་དུ་མཛད་ནས་དཔེ་ཁྲིད་ཇི་ཙམ་རྒྱུན་རིང་ཡང་སློབ་མ་རྣམས་བྱིང་རྨུགས་ཀྱི་དབང་དུ་མི་འགྲོ། འཇང་དགུན་ཆོས་ཀྱི་དཔེ་ཁྲིད་དགེ་རྒན་ཡང་རྒྱུན་རིང་མཛད་དེ། གདན་ས་གཞན་དང་ཆོས་བརྒྱུད་གཞན་གྱི་སློབ་གཉེར་བ་མང་དག་ཅིག་དཔེ་ཁྲིད་ལ་བཅར་བར་མ་ཟད་སྐབས་འགར་གཡུང་དྲུང་བོན་གྱི་འཇང་དགུན་ཆོས་ལ་ཕེབས་མཁན་ཁོངས་ནས་ཀྱང་དཔེ་ཁྲིད་ཞུ་མཁན་བྱུང༌། དུས་འདི་ཙམ་ན་ཤར་རྩེ་གྲྭ་ཚང་གི་སློབ་གཉེར་བ་རྣམས་དམ་པ་འདིའི་ཞབས་ལ་མ་གཏུགས་པ་མེད་པ་ལྟ་བུར་གྱུར།སློབ་གཉེར་བ་རྣམས་ལ་ཐུགས་རྩིས་ཧ་ཅང་ཆེ་སྟབས། དགོངས་པ་ཞིང་དུ་གཤེགས་ཁར་ཡང་གྲྭ་ཚང་གི་ཕྱག་མཛོད་གསར་རྙིང་མཇལ་བཅར་ཞུས་ཏེ་སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུ་སྐབས་ང་སྡོད་མིན་ཇི་ལྟར་ཡིན་ཡང་རྒྱུན་དུ་སློབ་གཉེར་བ་རྣམས་ལ་ཞལ་ལག་ཡག་པོ་གཏོང་དགོས། ལས་བྱེད་ནང་ཁུལ་མཐུན་ལམ་བྱ་རྒྱུ་གལ་ཆེ་ཚུལ་སོགས་བཀའ་སློབ་སྙིང་པོ་ཅན་མང་དུ་ཕེབས།

གསུང་རྩོམ་ལ། སེམས་ཀྱི་རང་བཞིན་གསལ་བའི་མེ་ལོང་དང༌། བསྡུས་གྲྭའི་རིགས་ལམ་གནད་ཀུན་གསལ་བའི་མེ་ལོང་པོད་གཉིས་དང༌། དཔར་བསྐྲུན་ཞུ་རྒྱུ་ལ། དབུ་ཕར་ཚད་གསུམ་གྱི་ལུང་གི་ཟིན་ཐོ་དང་དཀའ་གནས་ཀྱི་སྐོར། སྔགས་ཀྱི་སྐོར། མཛད་རྣམ་གྱི་སྐོར་དང་དེབ་འབྲིང་གསུམ་བཞུགས་པ་བཅས་རྣམ་ཐར་མདོར་བསྡུས་སུ་དགའ་ཤར་ཕུ་ཁང་མཁན་ཟུར་བླ་བྲང་ནས་འབྲེལ་ཡོད་དད་ལྡན་སློབ་མ་རྣམས་ཀྱིས་མཁྱེན་རྟོགས་ཆེད་བཀོད་པའོ།།

དགའ་ཤར་ཕུ་ཁང་མཁན་ཟུར་དཀོན་མཆོག་ཚེ་རིང་གི་བླ་བྲང་ནས།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply