ཡུ་རོབ་ཀྱི་གྲུ་ཟུར་ཞིག་ན་ལྷག་པའི་རྒྱུ་མཚན་ཆེན་མོ་དྲུག

ཨིན་ཨིན་གསར་ཁང་གིས་ ༢༠༡༧།༥།༨ ཉིན་སྤེལ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕི་དང་ད་ལྟའི་དབྱིན་ཇིའི་གཞུང་གཙོ་བྱས་བའི་འཛམ་གླིང་གི་རྙིང་ཞེན་སྲིད་དོན་ཚོགས་པ་ཁག་གི་ལག་ཏུ་རྒྱལ་ཁབ་ཀྱི་སྲིད་དབང་ཤོར་བཞིན་པའི་སྐབས་འདིར། དབྱིན་ཇིའི་གཞུང་མང་མོས་འོས་བསྡུའི་ཐོག་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐོན་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། དེས་ཡུ་རོབ་མཐུན་ཚོགས་ལ་གདེང་ཚོད་མེད་པའི་གནས་སྟངས་གཉན་འཕྲང་དུ་གཏད་ཡོད་པ་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་དབྱིན་ཇིའི་རྗེས་ལ་རྒྱལ་ཁབ་སུ་ཞིག་ཡུ་རོབ་མཐུན་ཚོགས་ལ་ཁ་གྱེས་རྒྱུ་ཡིན་པའི་བགྲོ་གླེང་བྱེད་བཞིན་ཡོད།

དབྱིན་ཇི་ཡུ་རོབ་མཐུན་ཚོགས་ལས་ཕྱིར་འཐོན་རྒྱུའི་ཐག་གཅོད་བྱས་ཏེ་ཟླ་ ༡༡ ཕྱིན་ཡོད་ཀྱང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་དཀའ་ངལ་དང་ཉེན་ཁ་རབ་དང་རིམ་པ་འཕྲད་བཞིན་ཡོད། དེ་ཡང་ཡུ་རོབ་ནང་རྒན་འཁོགས་དང་ན་གཞོན་ལས་མེད་ཀྱི་གྲངས་ཀ་འཕར་བཞིན་ཡོད་པ་དང་། སྐྱབས་བཅོལ་བའི་ཐོག་ཐུན་མོང་གི་སྒྲིག་ཁྲིམས་མེད་སྟབས། ཡུ་རོབ་མཐུན་ཚོགས་ཀྱི་ལྷན་ཁང་ཁག་བར་ཕན་ཚུན་ལ་ཡིད་ཆེས་རླག་གི་ཡོད།

དབྱིན་ཇིའི་གཞུང་ཡུ་རོབ་ལས་ལོགས་སུ་འཐོན་རྒྱུའི་ཐག་གཅོད་བྱས་རྗེས། ཡུ་རོབ་མཐུན་ཚོགས་ལ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་ཡུ་རོབ་རྒྱལ་ཁབ་འགའི་ནང་གུ་ཡངས་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་དང་། དེས་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་མ་འོངས་པའི་མདུན་ལམ་འོད་སྟོང་ལྡན་པ་ཞིག་ཏུ་འཁྲིད་ཐུབ་པའི་རེ་བ་བསླེབས་ཡོད། འཇར་མན་གྱི་ཆབ་སྲིད་མཁས་དབང་ཞིག་གིས་ “གལ་སྲིད་ཡུ་རོབ་ནང་གི་འོས་བསྡུའི་གྲུབ་འབྲས་འདི་དག་ན་ནིང་ཕྱི་ཟླ་ ༦ པའི་ཚེས་ ༢༤ ཉིན་ (ཚེས་གྲངས་དེ་ནི་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་འཐོན་རྒྱུའི་ཐག་གཅོད་བྱས་པའི་ཉིན་རེད།)ཤེས་རྟོགས་ཐུབ་ཡོད་ཚེ། ང་ཚོས་དབྱིན་ཇི་ཡུ་རོབ་ལས་ཕྱིར་ཐོན་པར་ངོས་ལེན་བྱས་ཡོད་པ་མ་ཟད། དེ་ལ་ཐུགས་རྗེ་ཆེ་ཡང་ཟེར་འདོད་བྱུང་།” ཞེས་བརྗོད་ཡོད།

༡ ། ཉེ་ཆར་གྱི་འོས་བསྡུའི་གྲུབ་འབྲས།

ད་ལྟ་ཧོ་ལན་ཌི་དང་ཧྥ་རན་སིའི་མང་ཚོགས་ཀྱིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་འགལ་ཟླ་བྱེད་མཁན་རྙིང་ཞེན་ཚོགས་པ་ཁག་ལ་ངོ་རྒོལ་བྱེད་བཞིན་ཡོད། ཧོ་ལན་ཌིའི་སྐུ་ཞབས་གྷར་ཊི་བཱལ་ཌིར་(Geert Wilders)དང་། ཧྥ་རན་སིའི་མ་རི་ནེ་ལི་པེན་(Marine Le Pen)གཉིས་ཀྱིས་དབྱིན་ཇི་ཡུ་རོབ་མཐུན་ཚོགས་ལས་ཕྱིར་ཐོན་པ་དེས་རྒྱལ་སྤྱིའི་ཤེས་ཡོན་པའི་སྡེ་ལ་ངོ་ལོག་ཐེངས་གཅིག་བྱས་ཡོད་པར་རློམ་སྟེ་དགའ་སྤྲོའི་ཁེངས་ཡོད་ཀྱང་། ཁོ་རང་གཉིས་ཀྱི་རྙིང་ཞེན་ཚོགས་པའི་གྱེན་ལངས་ལ་ཕམ་ཁ་བྱུང་སྟེ་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་པའི་གོ་སྐབས་རག་མེད།

སྐུ་ཞབས་བཱལ་ཌིར་གྱི་ཚོགས་པས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་ཧོ་ལན་ཌིའི་འོས་བསྡུའི་ཁྲོད་གྲོས་ཚོགས་ཀྱི་རྐུབ་སྟེགས་ ༥ ཙམ་ལས་ཟིན་མེད་སྟབས། དེས་མཉམ་འབྲེལ་སྲིད་གཞུང་འཛིན་པའི་གོ་སྐབས་ཀྱང་མེད་པ་ཆགས་ཡོད། ལྕམ་ལི་པེན་ལགས་ཧྥ་རན་སིའི་འོས་བསྡུའི་དངོས་གཞིའི་བར་བསླེབས་ཡོད་ཀྱང་། མཐའ་མར་ཉམས་མྱོང་དང་དཔུང་རོགས་གང་ཡང་མེད་པའི་འགྲན་ཡ་ན་གཞོན་དེའང་ཕམ་པར་རྒྱག་ཐུབ་མེད།

༢ ། དཔལ་འབྱོར།


༢༠༠༨ ལོར་རྒྱལ་སྤྱིའི་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་པ་དང་མཉམ་དུ་ཡུ་རོབ་ཀྱི་དཔལ་འབྱོར་ལའང་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མ་ཟད། ཡུ་རོབ་ཀྱི་དཔལ་འབྱོར་དཀའ་ངལ་རིམ་བཞིན་ཤུགས་ཆེ་རུ་ཕྱིན་སྟབས། ཡུ་རོབ་མཐུན་ཚོགས་འཛིན་སྐྱོང་ལྷན་ཁང་གིས་དཔལ་འབྱོར་བཅོས་སྒྱུར་བཏང་སྟེ། ཡུ་རོབ་མཉམ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཚང་མའི་དཔལ་འབྱོར་ ༢༠༡༦ ནས་ ༢༠༡༨ ལོའི་བར་གྱི་ལོ་ངོ་གསུམ་ནང་ཆ་སྙོམས་ཐོག་འཕེལ་རྒྱས་འགྲོ་ཐུབ་པའི་འཆར་འགོད་བྱས་ཡོད།

༢༠༡༧ དང་ ༢༠༡༨ ལོར་ཡུ་རོབ་སྤྱིའི་དཔལ་འབྱོར་བརྒྱ་ཆ་ ༡་༨ ཙམ་འཕེལ་རྒྱས་ཕྱིན་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཚད་གཞི་དེ་ནི་དཔལ་འབྱོར་འཕེལ་ཚད་མཐོ་བོ་ཞིག་མིན་ཡང་། དེ་སྔོན་དང་བསྡུར་ན་ཧ་ཅང་ལེགས་པའི་གནས་སྟངས་ཆགས་ཡོད་པ་མ་ཟད། དེས་ཡུ་རོབ་ཀྱི་ལས་མེད་མང་པོ་ཞིག་ལ་ལས་གནས་དང་དཔལ་འབྱོར་མ་རྐང་བསྐྲུན་ཐུབ་ཡོད།

༣ ། གྷི་རེ་སི་དང་ཨི་ཊ་ལི།

ཉེ་བའི་ལོ་རབས་གཅིག་ལ་ཉེ་བའི་རིང་ཨི་ཊ་ལིའི་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཁག་བུ་ལོན་ནང་ལྷུང་བཅུག་ཡོད་ཀྱང་། ཉེ་ཆར་ཨི་ཊ་ལིའི་མཉམ་འབྲེལ་སྲིད་གཞུང་སྟེ་སི་རེ་ཛཱ་གཡོན་ལྷུང་(Syriza)གཞུང་གིས་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཁང་དང་གྲོས་མོལ་བྱས་ཏེ། གྷི་རེ་སིའི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་སུ་གྲོས་ཆོད་ཅིག་བཞག་ཡོད་པ་དང་། དེར་ཡུ་རོབ་དབུས་དངུལ་ཁང་དང་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཚོགས་པ་སོགས་ཀྱིས་རོགས་སྐྱོར་བྱེད་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད།

སྤྱིར་གྷི་རེ་སིའི་དཔལ་འབྱོར་བསྐྱར་གསོ་བྱེད་ཐུབ་པར་ད་དུང་ལམ་ཐག་རིང་པོ་ཡོད། གྷི་རེ་སིའི་ཐོན་སྐྱེད་སྤྱི་འབོར་བརྒྱ་ཆ་ ༡༨༠ བུ་ལོན་ཆགས་ཡོད་པ་དང་། དཔལ་འབྱོར་འཕེལ་རིམ་གྱི་བརྒྱ་ཆ་ལོ་ངོ་བཅུའི་ཡར་སྔོན་ལྟར་བཞི་ཆའི་གསུམ་ལ་མར་ཆགས་ཡོད། འོན་ཀྱང་། ཁོ་ཚོ་ད་དུང་ཡུ་རོབ་མཉམ་འབྲེལ་ཁོངས་སུ་བསྡད་དེ་ཡུ་རོབ་སྤྱིའི་དངུལ་ལོ་བེད་སྤྱོད་གཏོང་གི་ཡོད།

ཡུ་སྒོར་གྱི་འཕེལ་རིམ་བརྟན་པོ་མེད་པའི་རྒྱུ་རྐྱེན་གཞན་ཞིག་ནི། ཨི་ཊ་ལིའི་དངུལ་ཁང་ཁག་གི་གནས་སྟངས་སྐྱོ་དྲགས་པས་ལན་པ་དང་། ན་ནིང་ཕྱི་ཟླ་ ༡༢ པའི་ནང་ཨི་ཊ་ལིའི་རྙིང་ཞེན་ཚོགས་པར་ཡུ་སྒོར་བེད་སྤྱོད་གཏོང་མཁན་རྒྱལ་ཁབ་ཁག་ལས་ཕྱིར་འཐོན་རྒྱུར་མང་མོས་རྒྱལ་ཁ་ཐོབ་ཡོད་པ་དང་། ཨི་ཊ་ལིའི་སྲིད་བློན་མཱ་ཌོ་རན་ཛི་ལགས་ཀྱིས་ལས་གནས་ནས་རྩ་དགོངས་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། མཐར་ཡུ་རོབ་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་དཔལ་འབྱོར་གནོན་ཤུགས་འོག་ཕྱིར་འཐོན་ཐུབ་མེད།

༤ སྐྱབས་བཅོལ་བའི་དཀལ་ངལ།

༢༠༡༥ ལོར་མི་འབོར་ས་ཡ་གཅིག་ལྷག་ཡུ་རོབ་ནང་སྐྱབས་བཅོལ་དུ་ཡོང་ཡོད་པ་དང་། དེའི་ཕྱེད་ཀ་ལྷག་སི་རི་ཡའི་དམག་འཁྲུག་ལ་གཡོལ་ཏེ་ཡོང་བ་ཡིན་ཞིང་། ཡུ་རོབ་ནང་སྐྱབས་བཅོལ་བ་མང་དུ་ཕྱིན་པ་དང་བསྟུན་ཏེ། ཡུ་རོབ་རྒྱལ་ཁབ་ཁག་བར་འགལ་ཟླ་འབྱུང་བཞིན་ཡོད། སི་རི་ཡའི་དམག་འཁྲུག་དང་སྐྱབས་བཅོལ་བའི་དཀའ་རྙོག་དེས་ཡུ་རོབ་རྒྱལ་ཁབ་ཁག་གི་སྐྱབས་བཅོལ་སྲིད་ཇུས་དང་ཀུན་སློང་གཅིག་གྱུར་ཡོང་བར་འགལ་རྐྱེན་ཆགས་ཡོད།

ཉེ་ཆར་ཡུ་རོབ་དབུས་ཁུལ་གྱི་རྒྱལ་ཁབ་སོལ་བེ་ཁི་(Slovakia)དང་ཧང་གྷ་རི་(Hungary)སོགས་ཀྱིས་སྐྱབས་བཅོལ་བ་ལེན་རྒྱུར་མོས་མཐུན་བྱས་མེད་པ་དང་། འཇར་མན་དང་སུད་སི་གཙོ་བྱས་བའི་རྒྱལ་ཁབ་ཁག་ཅིག་གིས་མུ་མཐུད་དུ་སྐྱབས་བཅོལ་བ་ལེན་རྒྱུར་མོས་མཐུན་བྱེད་ཀྱིན་ཡོད་སྟབས། ཡུ་རོབ་ཀྱི་རྙིང་ཞེན་ཚོགས་པ་ཁག་གིས་ཕྱི་མི་གནས་སྤོར་བའི་དཀའ་རྙོག་དང་འཇིགས་སྐུལ་རིང་ལུགས་པའི་གཏོར་རྒོལ་མཉམ་བསྲེས་བྱས་ཏེ། འོས་བསྡུའི་ཁྲོད་ཀྱི་སྐད་འབོད་ཆེ་ཤོས་ཆགས་ཡོད།

རྒྱལ་སྤྱིའི་གནས་སྤོ་ལྟ་ཞིབ་ཚོགས་པ་ལྟར་ན། ༢༠༡༦ ལོར་ཡུ་རོབ་ནང་ཁྱོན་བསྡོམས་ཕྱི་མི་ ༣༨༨༠༠༠ ལྷག་གནས་སྤོ་བྱས་ཡོད་ཀྱང་། དེ་ ༢༠༡༥ ལོ་དང་བསྡུར་ན་ཇེ་ཉུང་དུ་ཕྱིན་ཡོད། འདི་ལོའི་ཐོག་མའི་ཟླ་བ་གསུམ་རིང་ཕྱི་མི་གནས་སྤོ་བ་བཀག་སྡོམ་ནན་པོ་བྱས་བ་དེས་སྐྱབས་བཅོལ་བའི་དཀའ་ངལ་གནས་སྐབས་རིང་ཕྱི་འགྱངས་ལྟ་བུ་ཆགས་ཡོད་པ་མ་ཟད། ད་ལོ་ནས་བཟུང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ཊར་ཀའེ། ཤར་ཕྱོགས་མེ་ཌི་ཏྲེ་ནི་ཡན་རྒྱལ་ཁབ་ཁག་བར་ཕྱི་མི་གནས་སྤོ་བ་བཀག་སྡོམ་གྲོས་ཆོད་བཞག་ཡོད་པ་རེད།

༥ །  ཌོ་ནལ་ཊི་རུམ་ཕི།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིས་རང་ཉིད་ལ་ང་སྐུ་ཞབས་བྷིར་རྫིས་ཊི་(Mr. Brexit-དབྱིན་ཇུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་ཐོན་གྱི་མིང་བསྡུས་བ།)ཡིན་ཞེས་བོས་མྱོང་ཡོད་པ་དང་། ཁོས་ཨ་རིའི་ཕོ་བྲང་དཀར་པོའི་སྲིད་དབང་བཟུང་བའི་རྗེས་ལ་རྒྱལ་སྤྱིའི་ཤེས་ཡོན་པའི་སྡེར་བཟུང་བའི་མེ་ལྕེ་ལྟ་བུའི་ཁོང་ཁྲོ་དེ་རིམ་བཞིན་ཞི་སྟེ། ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་བར་མཐུན་སྒྲིལ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་བསྟན་ཡོད།

འདིའི་ལོ་ཕྱི་ཟླ་ ༢ བའི་ནང་ཊི་རུམ་ཕིས་ “ང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལ་རྒྱབ་སྐྱོར་ཡོད། ངས་བལྟས་ན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཡག་པོ་འདུག ངས་ཁོ་ཚོར་རྒྱབ་སྐྱོར་གཙང་མ་བྱེད་ཀྱི་ཡིན།” ཞེས་རེའུ་ཊར་གསར་ཁང་དུ་བརྗོད་ཡོད་པ་དང་། དེ་ནི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་བྱེད་ཚོར་ཡིད་ལའང་མ་འཁོར་བའི་གནད་དོན་ཞིག་ཆགས་ཡོད་འདུག

སྦེལ་ཇམ་གཞུང་གིས་ཨ་རིའི་ཕོ་བྲང་དཀར་པོ་བསྐྱར་དུ་ཝ་ཤིན་ཊོན་གྱི་ཆབ་སྲིད་ལམ་ལུགས་ཐོག་འགྲོ་བཞིན་ཡོད་པར་མཐོང་གི་ཡོད། ཊི་རུམ་ཕི་དང་པུ་ཊིན་གཉིས་བར་གྱི་འབྲེལ་བ་དེའང་དགའ་རོགས་ཀྱི་བརྩེ་བ་ལྟ་བུ་མ་ཆགས་པར་ཡོངས་གྲགས་སུ་གྱུར་བ་སོགས་ལ་བརྟེན་ཏེ། ཡུ་རོབ་སྲིད་གཞུང་ཁག་ལ་ངལ་སོས་པ་ལྟ་བུའི་ཚོར་བ་ཞིག་སྤྲད་ཡོད་པ་དང་། གལ་སྲིད་ཊི་རུམ་ཕི་དང་པུ་ཊིན་གྱི་འབྲེལ་ལམ་ཇེ་ལེགས་སུ་སོང་ཡོད་ཚེ། དེས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཆགས་འཇིག་གི་གནས་སུ་བསྐྱལ་ཡོད་ངེས།

༦ ། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་ཐོན།

དབྱིན་ཇི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་ཐོན་པ་དེས་ཡུ་རོབ་ཀྱི་ཤན་ཤུགས་གཅིག་མེད་པར་གྱུར་ཡོད། སྲིད་བློན་ཐི་རེ་ས་མཱེ་ཡིས་མིག་དཔེ་ངན་པ་ཞིག་གི་འོག་ཏུ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ལས་ཕྱིར་ཐོན་བྱེད་རྒྱུར་ཁྲག་དྲི་བྲོ་བའི་གནས་ཚུལ་ག་རེ་བྱུང་ཡང་དམ་བཅར་འགྱུར་བ་མེད་སྐོར་བརྗོད་པ་དེས། དབྱིན་ཇུའི་གཞུང་ལ་ཚད་ལས་བརྒལ་བའི་ཆབ་སྲིད་རྩེད་བཞིན་ཡོད་པའི་དྲན་སྐུལ་བྱས་ཡོད།

འབྱུང་འགྱུར་ཕྱི་ཟླ་ ༦ ཚེས་ ༨ ཉིན་གྱི་དབྱིན་ཇུའི་འོས་བསྡུ་དེ་ཆབ་སྲིད་ཀྱི་སྡིངས་ཆ་གལ་ཆེན་ཞིག་ཡིན་ཡང་། ལྕམ་ཨན་ཇི་ལཱ་མཱར་ཁེལ་ལགས་ཀྱིས་དབྱིན་ཇུའི་གཞུང་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་བར་རིན་གོང་གཏམ་དགོས་པའི་གནས་ཚུལ་མང་པོ་ཞིག་ལྷག་ཡོད་པ་རྟོགས་ཡོད། དེ་ཡང་དབྱིན་ཇི་གཞུང་གི་ཕྱིར་གཏོང་ཚོང་རྫས་བརྒྱ་ཆ་ ༤༤ ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་ནང་སྐྱེལ་འདྲེན་བྱེད་ཀྱིན་ཡོད་པ་དང་། དབྱིན་ཇིའི་ནང་ཡུ་རོབ་ཀྱི་ཕྱིར་གཏོང་ཚོང་རྫས་བརྒྱ་ཆ་ ༨ མ་གཏོགས་སྐྱེལ་འདྲེན་བྱེད་ཀྱིན་མེད།

ད་ལྟ་ད་དུང་ཡུ་རོབ་ཀྱི་རྙིང་ཞེན་ཚོགས་པ་ཁག་ལ་ཡུ་རོབ་ཁ་འཐོར་གཏོང་བའི་ནུས་པ་དང་གོ་སྐབས་མཇུག་བསྒྲིལ་ཟིན་པར་འདོད་ན་བསམ་ཚུལ་དེར་ནོར་འཁྲུལ་ཤོར་ཉེན་ཡོད། རྒྱུ་མཚན་ནི། ཁོ་ཚོའི་ཆབ་སྲིད་ཤུགས་རྐྱེན་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་(Italy)། པོ་ལན་ཌི་(Poland)། ཧང་གྷ་རི་(Hungary)བཅས་ཀྱི་ནང་མུ་མཐུད་བརྟན་པོར་གནས་ཡོད་པ་དང་། ན་ནིང་ཨི་ཊ་ལིའི་རྙིང་ཞེན་ཚོགས་པས་(Five Star Movement)ཨི་ཊ་ལིའི་གཞུང་ཡུ་སྒོར་བེད་སྤྱོད་གཏོང་མཁན་ཡུ་རོབ་རྒྱལ་ཁབ་ཁག་གི་ཁྱབ་ཁོངས་ནས་ཕྱིར་འཐོན་རྒྱུར་མང་མོས་འོས་བསྡུ་བྱས་ཏེ་རྒྱལ་ཁ་ཐོབ་ཡོད་པ་དང་། ད་ལྟ་ད་དུང་ཨི་ཊ་ལིའི་འོས་བསྡུའི་ནང་འོས་གྲངས་མང་པོ་ཞིག་ཁོ་ཚོས་བཟུང་ཡོད་པ་རེད།

ཧྥ་རན་སིའི་འོས་བསྡུའི་ཁྲོད་ལྕམ་ལི་པེན་ལ་འོས་བསྡུའི་རྒྱལ་ཁ་མ་ཐོབ་ཀྱང་། ཁོ་མོར་ཧྥ་རན་སིའི་མི་སེར་ས་ཡ་ ༡༡ ཡི་རྒྱབ་སྐྱོར་རག་ཡོད་པ་རེད། ར་ཤི་ཡའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་གཏོར་ཞིག་གཏོང་མཁན་རྙིང་ཞེན་ཚོགས་ཁག་ལ་གཞུང་གི་སྲིད་དབང་འཛིན་པའི་ཐབས་ལམ་གཞན་ཞིག་བསྟན་ཡོད་ཀྱང་། ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་དཔུང་བ་མཉམ་བསྒྲིལ་བྱས་ཏེ། ཡུ་རོབ་མཐུན་ཚོགས་ནང་ཨེམ་མ་ནུལ་མེཀ་རོན་དང་ལྕམ་ཨན་ཇི་ལཱ་མཱར་ཁེལ་གཉིས་དབང་ཤུགས་ཆེ་ཤོས་ཆགས་ཡོད་པ་དང་། མགོ་ཁྲིད་འདི་གཉིས་ཀྱིས་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཐོག་བཟུང་བའི་ལངས་ཕྱོགས་ལ་འགྱུར་བ་མེད་པར་ཧ་ཅང་སྲ་བརྟན་ཡིན་ལ། གལ་སྲིད་འབྱུང་འགྱུར་ཕྱི་ཟླ་ ༩ པའི་ནང་ལྕམ་ཨན་ཇི་ལཱ་མཱར་ཁེལ་ལགས་སུ་བསྐྱར་དུ་འོས་བསྡུའི་རྒྱལ་ཁ་འཐོབ་ན། ཁོ་གཉིས་ལྷན་དུ་བློ་རྩེ་གཅིག་སྒྲིལ་ཐོག་ལས་མཇུག་སྐྱོང་ཐུབ་ཀྱི་ཡོད་ལ། དེ་ལྟར་བྱུང་ཚེ་ཡུ་རོབ་མི་མང་གིས་ཞི་བདེ་མཉམ་གནས་ལ་ལོངས་སུ་སྤྱོད་ཐུབ་པའི་ཉི་མ་མུ་མཐུད་དྲོ་ངེས་ཡིན།

ཧྥ་རན་སིའི་སྲིད་འཛིན་གསར་པ་སྐུ་ཞབས་མེཀ་རོན་ལགས་གདོང་ལེན་རྗེས་མ་དེ་འབྱུང་རྒྱུར་ཟླ་རྗེས་མའི་ཧྥ་རན་སིའི་གྲོས་ཚོགས་ནང་ལོགས་ཀྱི་འོས་བསྡུ་དེ་ཡིན། རྒྱུ་མཚན་ནི། ཡུ་རོབ་རྒྱལ་ཁབ་སུས་ཀྱང་ཧྥ་རན་སིའི་སྲིད་འཛིན་ཡུ་རོབ་སྤྱིར་ཕན་མི་ཐོགས་མཁན་ཞིག་འབྱུང་འདོད་མེད་པ་དེ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༡༨

Leave a Reply