ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གིས་མཉམ་འབྲེལ་བྱ་རྒྱུ་རེད།

ཨ་རིའི་སྲིད་གཞུང་གསར་པས་ཕེ་རི་སིའི་གནམ་གཤིས་ཚ་དྲོད་གྲོས་ཆོད་ལས་ཕྱིར་འཐེན་དང་ཕྱི་འབྲེལ་སྲིད་བྱུས་མང་པོ་ཞིག་ལ་འགྱུར་བ་བཏང་བར་བརྟེན་ཏེ། ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་མཉམ་འབྲེལ་བྱས་ཏེ་ཨ་རིར་ཁ་གཏད་ལྕོགས་འཆར།

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་བར་གྱི་ཚོང་འབྲེལ་ཚོགས་ཆེན་ཐེངས་ ༡༢ པ་དེ་སྦེལ་ཇམ་ནང་འཚོགས་བཞིན་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་སྲིད་བློན་ལི་ཁི་ཆཱང་(Li Keqiang)གིས་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌོ་ནལ་ཌི་ཊ་སི་ཁི་(Donald Tusk)ལགས་གཙོ་བྱས་པའི་ཡུ་རོབ་ཀྱི་དབུ་ཁྲིད་ཚོར་ཐུག་འཕྲད་བྱས་ཏེ། ཚོང་འབྲེལ་དང་གོ་ལའི་གནམ་གཤིས་ཚ་དྲོད་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་འདུག

ཨ་རིའི་སྲིད་འཛིན་ཌོ་ནལ་ཊི་རུམ་ཕིས་ ‘ཨ་རི་དང་པོ’ ཞེས་བའི་སྲིད་ཇུས་འོག ཨ་རི་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་བཞག་པའི་གོ་ལའི་ཚ་དྲོད་གྲོས་ཆོད་ལས་ཕྱིར་འཐེན་དང་། ཨ་རིའི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁ་ཕྱོགས་མང་པོ་ཞིག་ལ་འགྱུར་བ་གཏོང་བཞིན་པའི་སྐབས་འདིར། རྒྱ་ནག་དང་ཡུ་རོབ་མཐུན་ཚོགས་བར་ཚོང་འབྲེལ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ནས་འགལ་ཟླ་ཕྲན་བུ་ཡོད་ཀྱང་། ཐེངས་འདིར་ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་དང་མཉམ་འབྲེལ་བྱས་ཏེ་ཨ་རིའི་ཁ་གཏད་དུ་ལངས་རྒྱུ་ཡིན་འདུག

ཟླ་སྔོན་མའི་ཚེས་ ༢༨ ཉིན་ཡུ་རོབ་ནང་གི་རྒྱལ་ཁབ་སྟོབས་ཆེན་འཇར་མན་གྱི་སྲིད་བློན་ལྕམ་ཨན་ཇི་ལཱ་མཱ་ཁེལ་ལགས་ཀྱིས། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཨ་རིར་བློ་གཏད་བཅོལ་མི་རུང་བའི་ཉེན་བརྡ་བཏང་ཡོད། ཐེངས་འདིར་རྒྱ་ནག་གི་སྲིད་བློན་ལི་ཁི་ཆཱང་འཇར་མན་དུ་བསྐྱོད་དེ། སྲིད་བློན་ཨན་ཇི་ལཱ་མཱ་ཁེལ་དང་ལྷན་དུ་གློག་གི་རླངས་འཁོར་མཉམ་ལས་གཙོས་པའི་ཚོང་འབྲེལ་ཁག་ཅིག་གི་ཐོག་གྲོས་ཆོད་འཇོག་རྒྱུ་ཡིན་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་བཱང་ཁྲའོ་(Wang Chao)ཡིས། ཐེངས་འདིར་སྲིད་བློན་ལི་ཁི་ཆཱང་ཡུ་རོབ་ནང་བསྐྱོད་དེ་ཡུ་རོབ་དང་རྒྱ་ནག་བར་བརྗེ་རེས་བྱེད་དགོས་པའི་གནས་ཚུལ་མང་པོ་ཞིག་ཡོད་སྐོར་བརྗོད་འདུག

ཟླ་སྔོན་མའི་ནང་ཨ་རིའི་སྲིད་འཛིན་ཊི་རུམ་ཕིས་དཀྱུལ་ཤར་ཡུལ་གྲུ་ཁག་གཙོས་ཡུ་རོབ་མཐུན་ཚོགས་དང་། ནུབ་གླིང་རྒྱ་མཚོ་བྱང་མའི་དམག་དོན་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་དབུ་ཁྲིད་ཚོར་ཐུག་འཕྲད་སྐབས། ཡུ་རོབ་ཀྱི་དབུ་ཁྲིད་ཨན་ཇི་ལཱ་མཱ་ཁེལ་གྱིས་ཨ་རིའི་ངོས་ནས་མུ་མཐུད་ཕེ་རི་སའི་གནམ་གཤིས་ཚ་དྲོད་ཀྱི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། སྲིད་འཛིན་ཊི་རུམ་ཕིས་དེར་མོས་མཐུན་བྱས་མེད་སྟབས། ཡུ་རོབ་ཀྱིས་རྒྱ་ནག་དང་མཉམ་བྱེད་མགོ་བཙུགས་པ་ཡིན་འདུག

ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་དང་ཨ་རི། དེ་བཞིན། རྒྱ་ནག་བཅས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་འདྲ་མཚུངས་བཟུང་ཡོད་ཀྱང་། ཨ་རི་གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་གྲོས་ཆོད་ལས་ཕྱིར་འཐེན་གྱི་གནད་དོན་དེས་གོ་ལའི་ཚ་དྲོད་གྲོས་ཆོད་དེའི་ཤི་གསོན་རྒྱ་ནག་དང་ཡུ་རོབ་གཉིས་ཀྱི་ལག་ཏུ་ཐུག་ཡོད།

ཐེངས་འདིར་རྒྱ་ནག་གི་སྲིད་བློན་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་མགོ་ཁྲིད་ཚོས་ཕེ་རི་སིའི་གནམ་གཤིས་ཚ་དྲོད་གྲོས་ཆོད་དེར་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་རྣམ་འགྱུར་སྟོན་ངེས་ཡིན་ཡང་། རྒྱ་ནག་དང་ཡུ་རོབ་བར་གནམ་གཤིས་ཚ་དྲོད་ཀྱི་གྲོས་ཆོད་ལས་གཞན་པའི་གནད་དོན་མང་པོའི་ཐོག་གདོང་ཐུག་རྒྱག་དགོས་འཁེལ་གྱི་ཡོད།

རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་བར་ ༢༠༡༣ ལོ་ནས་ཚོང་འབྲེལ་གྲོས་ཆོད་འཇོག་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་། ད་བར་ལེགས་འགྲུབ་མ་བྱུང་བར་ལྷག་ཡོད་པ་དང་། དེ་ནི་རྒྱ་ནག་གིས་ཡུ་རོབ་ཀྱི་བཟོ་གྲྭ་ཁག་རྒྱ་ནག་ནང་བསྐྱོད་པར་ངོས་ལེན་བྱེད་ཀྱི་མེད་པ་དང་། ཡུ་རོབ་ཀྱིས་རྒྱ་ནག་གི་རིན་གོང་ཁེ་བའི་ཚོང་ཟོག་དག་གིས་ཡུ་རོབ་ཀྱི་ཁྲོམ་རྭ་རྩོག་སྙོག་བཟོ་རྒྱུ་ཡིན་ཚུལ་བརྗོད་ཡོད།

བདུན་ཕྲག་སྔོན་མའི་རྒྱལ་སྤྱིའི་ཚོང་འབྲེལ་ཚོགས་འདུ་ཞིག་གི་སྟེང་། ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོང་འབྲེལ་སྐུ་ཚབ་ལྕམ་ཟི་ལཱི་ཡ་མཱལ་སི་ཊོམ་(Cecilia Malmstroem)ལགས་ཀྱིས། རྒྱ་ནག་ནི་ཡུ་རོབ་ཀྱི་ཚོང་འབྲེལ་ཆེ་ཤོས་གཉིས་བ་ཡིན་སྟབས་རྒྱ་ནག་དང་ཡུ་རོབ་བར་གྲོས་མོལ་ལྷུག་པོ་བྱ་དགོས་པ་མ་ཟད། རྒྱ་ནག་གི་ལག་ལེན་དང་ཁྲོམ་རའི་ཚོང་འབྲེལ་རང་དབང་གཉིས་དོན་དངོས་དང་མཐུན་པ་ཡོང་དགོས་ཞེས་བརྗོད་ཡོད།

འདིའི་ལོ་ཕྱི་ཟླ་ ༡ པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་ལ་ཚོང་ལམ་གསར་པ་ཞིག་སྒོ་འབྱེད་བྱས་ཏེ་གོ་ལ་གཅིག་གྱུར་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་སྐབས། མི་མང་པོ་ཞིག་གིས་ཞི་ཅིན་ཕིན་ལ་བཟང་ཕྱོགས་ཀྱི་རེ་བ་བརྒྱབ་ཡོད་པ་དང་། ཡུ་རོབ་ཚོང་འབྲེལ་མཐུན་ཚོགས་ཀྱི་སྐུ་ཞབས་མཱ་ཊི་ཧར་བྷརོ་(Mats Harborn)ལགས་ཀྱིས། “ང་ཚོས་དེ་སྔ་རྒྱ་ནག་ནས་ཁྲོམ་རྭ་སྒོ་འབྱེད་དང་ཚོང་འབྲེལ་རང་དབང་ཇེ་ཆེར་བཏང་ཡོད་པའི་བཟང་ཕྱོགས་ཀྱི་གནས་ཚུལ་མང་པོ་གོ་ཐོས་པ་མ་ཟད། ང་ཚོས་བདུན་ཕྲག་འདིའི་ནང་རྒྱ་ནག་དང་ལྷན་དུ་ཁྲོམ་རྭ་དང་ཚོང་ལས་རང་དབང་ཐད་དོན་དངོས་ལག་ལེན་གྱི་ཐོག་ནས་ཡར་རྒྱས་འགྲོ་བར་རེ་བ་རྒྱག་གི་ཡོད་ཅེས་བརྗོད་ཡོད།

རྒྱ་ནག་དཔལ་འབྱོར་བློན་ཆེན་གྱི་དྲུང་ཡིག་ལི་ཁྲཱི་ཀཱང་(Li Chenggang)གིས། ཡུ་རོབ་དང་རྒྱ་ནག་གཉིས་ཀས་གནད་དོན་མང་པོའི་ཐོག་ཕན་ཚུན་ལ་ཁེ་ཕན་ཡོད་པར་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཡོད། ཞི་ཅིན་ཕིན་གྱི་འཛིན་སྐྱོང་འོག རྒྱ་ནག་གིས་རྒྱ་ནག་ལྷོ་རྒྱུད་མཚོ་ཁུལ་དུ་དམག་མི་འགྲེམས་འཇོག་བྱས་ཏེ་མཚོ་ཁུལ་བདག་བཟུང་བྱས་བ་དེས་ཡུ་རོབ་ལ་བརྡ་ལན་ཞིག་སྤྲད་ཡོད།

ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚན་པའི་འགན་འཛིན་སྐུ་ཞབས་ལཱོ་ཊི་ལེ་ཆཊི་(Lotte Leicht)ལགས་ཀྱིས། ཡུ་རོབ་ཀྱི་དབུ་ཁྲིད་ཚོས་སོ་སོའི་དམ་བཅའ་གཞིར་བཞག་སྟེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཞི་བའི་འཐབ་རྩོད་པ་ཚོ་ཀློད་གྲོལ་ཡོང་ཐབས་བྱེད་རྒྱུ་དེ། ཡུ་རོབ་དང་རྒྱ་ནག་བར་གྱི་སྲིད་ཇུས་གལ་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་དགོས་ཞེས་བརྗོད།

བསྐྱར་བཅོས།: ༢༠༡༧/༠༦/༠༢

Leave a Reply