ཡུ་རོབ་མཐུན་ཚོཊ་ནས་རྒྱུད་གཅིག་ལམ་གཅིག་ལ་རྒྱབ་སྐྱོར་མེད།

རྒྱ་ནག་གཞུང་གིས་སྣེ་འཁྲིད་པའི་རྒྱུད་གཅིག་ལམ་གཅིག་ཅེས་པའི་ཚོང་འབྲེལ་གསར་འཛུགས་ཀྱི་ལས་འཆར་ལ་ཡུ་རོབ་མཐུན་ཚོགས་ནས་རྒྱབ་སྐྱོར་གནང་མི་འདུག

རྒྱ་ནག་གཞུང་གིས་དར་གོས་ཚོང་ལམ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་ཟེར་བའི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེ། བོད་ཀྱི་གཙོས་རྒྱ་ནག་ནང་ལོགས་ཀྱི་མཐའ་མཚམས་ཁུལ་ནས་མགོ་བཙུགས་ཏེ་མཐར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནང་གཏུག་རྒྱུ་དང་། རྒྱ་ནག་ལྷོ་རྒྱུད་ནས་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཚོང་ལམ་འཛུགས་འཆར་ཡོད་པ་ལྟར། རྒྱལ་ཁབ་མང་པོ་ཞིག་ལས་འཆར་དེའི་ནང་མཉམ་ཞུགས་བྱེད་ཀྱི་ཡོད་ཀྱང་། ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ ༢༨ ཀྱིས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་ལྷན་ཚོགས་ཀྱི་མཇུག་བསྡོམས་བསྒྲགས་ཡིག་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་མེད་པ་དང་། དེ་བཞིན་ཨེ་ཤ་ཡའི་རྒྱལ་ཁབ་ཆེ་གྲས་རྒྱ་གར་གྱི་གཙོས་པའི་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཆེ་ཁག་ཅིག་ནས་ལས་འཆར་དེའི་རྒྱབ་ལྗོངས་ཕྱི་གསལ་ནང་གསལ་མིན་པ་དང་རྒྱ་ནག་རང་གི་དཔལ་འབྱོར་ཁེ་ཕན་ཧམ་ལེན་བྱེད་པའི་ཐབས་ཇུས་ཤིག་ཡིན་པའི་སྐྱོན་བརྗོད་གནང་སྟེ་དང་ལེན་དང་རྒྱབ་སྐྱོར་གནང་གི་མེད་པ་རེད།

དེའི་སྐོར་ལ་ཡུ་རོབ་མཐུན་ཚོགས་ཀྱི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཞིག་གིས་དབྱིན་ཇིའི་གྷར་ཌིན་གསར་ཁང་གི་གསར་འགོད་པར། ང་ཚོས་གསལ་པོ་བཤད་དགོས་པ་ཞིག་ལ་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་དེ་ཕྱི་གསལ་ནང་གསལ་དང་ཐུན་མོང་མཉམ་འབྲེལ་འོག་ད་གཟོད་ལེགས་འགྲུབ་འབྱུང་ཐུབ་པ་རེད། ཅེས་བརྗོད་འདུག་ལ། ཡང་གྷར་ཌིན་གྱི་གནས་ཚུལ་དེའི་ནང་རྒྱ་ནག་གཞུང་གིས་དེ་སྔོན་ཡུ་རོབ་ཀྱིས་བཏོན་པའི་དཔལ་འབྱོར་དང་ཁོར་ཡུག་སྲུང་སྐྱོབ་རྒྱུན་གནས་ཐུབ་པ། འདྲ་མཉམ་ཐོབ་ཐབས་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེའི་སྐོར་ལྷན་ཚོགས་ཀྱི་གསལ་བཤད་བསྒྲགས་ཡིག་ནང་བཀོད་མེད་སྐོར་བརྗོད་འདུག

རྒྱ་གཞུང་གི་ལས་འཆར་དེ་ལག་བསྟར་གྱི་ཁྱབ་ཁོངས་སུ་ཨེ་ཤ་ཡའི་རྒྱལ་ཁབ་ ༣༠ དང་། ལྷོ་ཨ་ཧྥེ་རུ་ཁའི་རྒྱལ་ཁབ་བཞི། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ ༢༠ བཅས་ཚུད་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༤ དང་ ༡༥ བར་པེ་ཅིན་དུ་བསྡུས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་ཚོང་འབྲེལ་ལྷན་ཚོགས་རྒྱལ་ཁབ་བརྒྱ་ལྷག་གི་སྐུ་ཚབ་ཕེབས་ཡོད་ཀྱང་། ཡུ་རོབ་མཐུན་ཚོགས་དང་སྟོབས་ལྡན་རྒྱལ་ཁབ་ཁག་ཅིག་ནས་རྒྱབ་སྐྱོར་མ་གནང་བ་དེས་ལས་འཆར་ནང་རྒྱབ་སྐྱོར་མཉམ་ཞུགས་བྱས་པའི་རྒྱལ་ཁབ་གཞན་དག་ལའང་ཐེ་ཚོམ་དང་དོགས་འདྲོགས་བསླངས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༡༧

Leave a Reply