ཡེ་ཤུའི་བླ་ཆེན་ཕོབ་མཆོག་ཞལ་སྐྱེངས་པོ་བྱུང་།

ཡེ་ཤུའི་བླ་ཆེན་ཕོབ་མཆོག་གིས་ཉེ་སྔོན་ཨ་རིས་ཨབ་གྷན་ཐོག་གཡུགས་པའི་འབར་རྫས་དེའི་མིང་ལ་ཡུམ་ཆེན་བཏགས་ན་འོས་བབ་མེད་ལ་ཞལ་སྐྱེངས་པོ་བྱུང་སྐོར་གསུངས་འདུག

རོ་ཊིར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཡེ་ཤུའི་བླ་ཆེན་ཕོབ་མཆོག་གིས་སློབ་ཕྲུག་ཁག་ཅིག་ལ་གསུང་བཤད་གནང་སྐབས། ཉེ་སྔོན་ཨ་རིས་ཨབ་གྷན་གྱི་ཁ་ཆེའི་དྲག་སྤྱོད་པ་(ISIS)དམིགས་འབེན་དུ་བཟུང་སྟེ། ཡུལ་དེའི་ལྷོ་ཕྱོགས་ཀྱི་ཨི་ཆིན་རྫོང་ཁོངས་སུ་འབར་རྫས་ཀྱི་ཡུམ་ཆེན་ཟེར་བ་གཡུགས་ཏེ་ཤི་རྨས་ཆེན་པོ་བྱུང་ཡོད་པ་དང་། ཁོང་གིས་འབར་རྫས་ཀྱི་ཡུམ་ཆེན་ཟེར་བའི་མིང་དེ་གསན་སྐབས་ཞལ་སྐྱེངས་པོ་བྱུང་སྐོར་གསུངས་འདུག

དེ་ཡང་བླ་ཆེན་ཕོབ་མཆོག་གིས། འབར་རྫས་ལ་མ་ཡུམ་ཞེས་བཏགས་པ་དེར་ཞལ་སྐྱེས་པོ་བྱུང་། མ་ཡུམ་ནི་ཚེ་སྲོག་སྐྱེད་མཁན་ཡིན་པ་དང་། འབར་རྫས་ནི་ཚེ་སྲོག་གཅོད་བྱེད་ཅིག་ཡིན་སྟབས། འདི་ལྟ་བུའི་དངོས་པོ་ལ་མ་ཡུམ་ཞེས་བཏགས་ན་ག་བ་ཡོང་གི་རེད་ཅེས་གསུངས་འདུག་ལ། བླ་ཆེན་ཕོབ་མཆོག་གིས་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་སི་རི་ཡའི་སྐྱབས་བཅོལ་བ་ཚུད་པའི་ཡུལ་ཕྱོགས་གང་སའི་སྐྱབས་བཅོལ་བའི་དཀའ་ངལ་དང་། གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་དང་དེའི་གལ་འགངས་རང་བཞིན་སོགས་ཀྱི་ལངས་ཕྱོགས་ཐད་དགོངས་ཚུལ་མ་མཐུན་པ་ཆེན་པོ་འཛིན་གནང་གི་ཡོད་འདུག

ཉེ་སྔོན་ཨ་རིས་ཨབ་གྷན་གྱི་ཐོག་གཡུགས་པའི་འབར་རྫས་དེའི་མིང་ངོ་མར་(GBU-43/B)ཟེར་ཞིང་། དེ་ནི་ལྗིད་ཚད་སྤྱི་རྒྱ་ ༩༨༠༠ ཡོད་པའི་མཁའ་སྤྱོད་འབར་རྫས་ཧ་ཅང་ཆེན་པོ་(Massive Ordnance Air Blast Bomb )ཞིག་ཡིན་པ་དང་། མིང་དེ་བསྡུས་ན་ (MOAB)ཞེས་ཏག་ཏག་འབར་རྫས་ཀྱི་ཡུམ་ཆེན་(Mother Of All Bombs)ཞེས་པ་དང་གཅིག་མཚུངས་ཆགས་ཡོད་པ་མ་ཟད། འབར་གས་ཀྱི་ནུས་ཤུགས་བླ་ལྷག་ཏུ་ཆེ་བས་འབར་རྫས་ཀྱི་ཡུམ་ཆེན་ཞེས་རྗེས་གྲུབ་ཀྱི་མིང་གིས་ཐོགས་པར་བརྗོད། འབར་རྫས་ཀྱི་ཡུམ་ཆེན་ཟེར་བ་དེར་ཕྱི་ལོ་ ༡༩༤༥ ལོར་ཨ་རིས་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཞི་མར་གཡུགས་པའི་འབར་རྫས་ཀྱི་བུ་ཆུང་ཟེར་བ་དེ་ལས་ལྗིད་ཚད་ལྡབ་གཉིས་ཡོད་པ་དང་། ཨབ་གྷན་ནི་ཨ་རིའི་འབར་རྫས་དེས་དྲག་རྒོལ་ཐེབས་ཡུལ་ཐོག་མ་དེ་ཆགས་ཡོད་འདུག

ཨ་རིའི་ཕྱོགས་ནས་འབར་རྫས་དེའི་གནོད་སྐྱོན་ཁྲོད་མི་ག་ཚོད་ཅིག་གིས་ཚེ་སྲོག་ཤོར་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་ཀྱང་། ཨབ་གྷན་གཞུང་གིས་དམག་མི་ ༩༠ ལྷག་རྐྱེན་འདས་སུ་ཕྱིན་པ་དང་དྲག་ཆས་མང་པོར་གཏོར་སྐྱོན་ཐེབས་ཡོད་སྐོར་བསྒྲགས་ཡོད་པ་དང་། གཏོར་རྒོལ་དེའི་ཁྲོད་ཉུང་མཐར་ཉེས་མེད་མི་སེར་བརྒྱ་ཕྲག་འགར་ཤི་རྨས་བྱུང་ཡོད་ལུགས་ཀྱང་བརྗོད་ཀྱི་ཡོད་པ་རེད།

བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཟླ་འདིའི་ནང་ཡུ་རུབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་འཆར་ཡོད་པ་དང་། ཡུ་རོབ་ནང་གི་གཟིགས་སྐོར་གནང་སའི་རྒྱལ་ཁབ་དང་པོ་དེ་ཨི་ཊ་ལེ་ཡིན་ལ། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཁོང་དང་བླ་ཆེན་ཕོབ་མཆོག་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༥/༠༨

Leave a Reply