ར་ཤི་ཡའི་མི་མང་ལ་རྒྱལ་ཞེན་སློང་ཐབས།

ར་ཤི་ཡའི་ལྭ་གསར་འཆར་འགོད་པའི་རྨི་ལམ་ལ་རྒྱལ་ཞེན་གྱིས་ཤུགས་རྐྱེན་ཐེབས་ཏེ་བུད་མེད་ཚོས་ཁྲོམ་རྭར་སྲིད་འཛིན་པུ་ཊིན་ལ་ཆེ་བསྟོད་ལྭ་གསར་གྱོན་དགོས་བྱུང་ཡོད་པ་རེད།

ཉིན་རེ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་ར་ཤི་ཡའི་ན་གཞོན་རྒྱལ་ཞེན་རིང་ལུགས་པ་སྐོར་ཞིག་གིས་ལ་བའི་སྟེང་སྲིད་འཛིན་པུ་ཊིན་གྱི་འདྲ་པར་དང་ར་ཤི་ཡའི་ས་ཁྲ་སོགས་འཆར་འགོད་བྱས་ཏེ་ར་ཤི་ཡའི་མི་མང་ལ་རྒྱལ་ཞེན་སློང་ཐབས་བྱས་ཡོད་འདུག

ལོ་རྗེས་མའི་ནང་ར་ཤི་ཡའི་སྲིད་འཛིན་བརྗེ་སྤོར་གྱི་འོས་བསྡུར་ཁེལ་ཡོད་སྟབས། ར་ཤི་ཡའི་ན་གཞོན་འཆར་འགོད་པ་སྐོར་ཞིག་གིས་མི་མང་ལ་རྒྱལ་ཞེན་སློབ་ཐབས་ཀྱི་ལྭ་གསར་མང་པོ་འཆར་འགོད་བྱས་ཡོད་པའི་ཁྲོད། བུད་མེད་ཚོའི་སྟོད་ཐུང་གི་བྲང་གཞོང་དུ་སྲིད་འཛིན་པུ་ཊིན་གྱི་ལག་པར་སྙིང་གཟུགས་བཟུང་ཡོད་པའི་འདྲ་པར་བཀོད་ཅིང་། སྙིང་གཟུགས་དེའི་དཀྱིལ་སྟོང་བ་ཡིན་སྟབས་བུད་མེད་ཚོའི་ནུ་མའི་ཟུར་གཉིས་ཕྱིར་མངོན་གྱི་ཡོད་འདུག ན་གཞོན་འཆར་འགོད་པ་དེ་དག་གི་ལས་གཞིར་མདུན་སྐྱོད་ལས་གཞི་ཟེར་གྱི་ཡོད་འདུག

མི་མང་པོ་ཞིག་གིས་ ༢༠༡༨ ལོར་པུ་ཊིན་བསྐྱར་དུ་སྲིད་འཛིན་དུ་ལངས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་པ་དང་། ཁོ་ནི་ར་ཤི་ཡའི་སྲིད་འཛིན་སྟོབས་ཤུགས་ཆེ་ཤོས་སུ་རྩི་བཞིན་ཡོད་པ་མ་ཟད། ཐེངས་འདིའི་གྱོན་གསར་འཆར་འགོད་དེ་དག་གིས་ཀྱང་པུ་ཊིན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་མཚོན་ཡོད་པ་རེད།

གྱོན་ཆས་འཆར་འགོད་པ་སྐུ་ཞབས་ཨིལ་ཡ་སཱ་ཌལ་སི་ཁིལ་(Ilya Sadalskikh)ལགས་ཀྱིས་ “པུ་ཊིན་རྟགས་ཅན་གྱི་ཚོང་རྟགས་ནི་ཆབ་སྲིད་ཙམ་མ་ཡིན་པར་སྤྱིར་བཏང་ར་ཤི་ཡའི་ཁྲོམ་རའི་ནང་སྐད་གྲགས་ཡོད་པའི་ཚོང་རྟགས་ཤིག་ཡིན། གྱོན་གསར་སྟེང་སྲིད་འཛིན་པུ་ཊིན་གྱི་འདྲ་པར་སྤྱར་བ་དེར་ཧང་སང་དགོས་པའི་རྒྱུ་མཚན་གང་ཡང་མེད།”ཅེས་བརྗོད་ཡོད།

ར་ཤི་ཡའི་གྱོན་གོས་རིགས་མང་ཆེ་བ་ར་ཤི་ཡ་རང་གི་བཟོ་ཁག་ནས་ཐོན་སྐྱེད་བྱས་པའི་རས་ཆའི་རིགས་ཀྱིས་བཟོ་བཞིན་ཡོད་པ་དང་། ར་ཤི་ཡའི་གྱོན་གསར་འཆར་འགོད་པ་ཚོའི་བར་ཁྲོམ་རའི་ནང་གྱོན་གསར་འགྲན་བསྡུར་གྱི་རྣམ་པ་ཤུགས་ཆེན་ཡོད་སྟབས། རང་ཉིད་ཀྱི་རྣམ་དཔྱོད་སྤྱད་དེ་ཁྲོམ་རའི་ནང་སོ་སོའི་ཐོན་རྫས་ལ་རྒྱལ་ཁ་ལེན་རྒྱུ་ནི་འགྲན་རྩོད་གལ་ཆེན་ཞིག་ཆགས་ཡོད་པ་རེད། ཐེངས་འདིའི་ན་གཞོན་འཆར་འགོད་པ་ཚོས་ “ང་ཚོའི་འཆར་འགོད་འདི་ཡག་པོ་ཡོད་མེད་སོགས་དུས་ཚོད་དང་སྤྱི་ཚོགས་ནང་དགོས་མཁོ་ཆེ་མིན་གྱིས་ཁ་གྲགས་ངེས་ཡིན་ཡང་།  ང་ཚོར་མཚོན་ན་འཆར་འགོད་ལེགས་པོ་ཞིག་རག་སོང་བསམ་ཡོད་ཅེས་བརྗོད་ཡོད་པ་དང་། ད་ལྟ་ར་ཤི་ཡའི་ནང་རྒྱལ་ཞེན་གྱི་གྱོན་གསར་འཆར་འགོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༥/༠༡

Leave a Reply