རང་སྲིད་རང་སྐྱོང་ལ་བརྟེན་ཏེ་བོད་ཀྱི་སྐད་ཡིག་རིག་གཞུང་དང་བོད་ནང་གི་བོད་མི་སྲུང་སྐྱོབ་བྱེད་ཐུབ།

ཁ་སང་ཕྱི་ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་ནང་། ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་སྣེ་ཁྲིད་དེ་གྲོས་ཚོགས་འཐུས་མི་ ༨ བལ་ཡུལ་དང་བཞུགས་སྒར་དྷ་རམ་ས་ལ་སོགས་སུ་གཟིགས་སྐོར་གནང་བའི་སྐོར་ལ་གསར་འགོད་ལྷན་ཚོགས་བསྐྱངས་པའི་ཐོག་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་གཏམ་བཤད་སྤེལ་བ་འདིར་བཀོད་ཡོད།

དེ་རིང་ཞོགས་པ་ངས་བལ་ཡུལ། རྒྱ་གར། བལ་ཇིམ་སོགས་ལ་ཕྱོགས་སྐྱོད་ཕྱིན་པ་དེ་དག་གི་དགོས་དམིགས་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་བྱས་པའི་སྐོར་ཞུ་རྒྱུ་ཡིན།

ང་ཚོ་དྷ་རམ་ས་ལར་ཕྱོགས་སྐྱོད་ཕྱིན་པ་དེ་ཡིད་དུ་འོང་པ་ཞིག་བྱུང་སོང་། ང་ཚོའི་མཉམ་དུ་སྐུ་ཞབས་ཇིམ་སེན་སེན་བྷ་རེན་ནར་ཡང་ཕེབས་པ་རེད། ངེད་གཉིས་ཀྱིས་ལོ་བརྒྱད་སྔོན་རྒྱ་གར་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་ཆེད་མཉམ་དུ་ཐེངས་ཤིག་བསྐྱོད་མྱོང་བ་རེད། ད་ལྟ་ལོ་དགུ་ལ་སླེབ་རན་འདུག སྐུ་ཞབས་སེན་སེན་བྷ་རེན་ནར་ངེད་གཉིས་ལ་མཚོན་ན། ཐེངས་འདིའི་ཕྱོགས་སྐྱོད་ནི་སྔོན་མ་ཕྱོགས་སྐྱོད་ཕྱིན་པ་ལས་ད་གཟོད་སླར་ཡང་ཕྱིར་ལོག་བྱེད་པ་དང་མཚུངས་པ་ཞིག་རེད། ཁོང་གིས་གཙུག་ལག་ཁང་གི་དགའ་བསུའི་མཛད་སྒོའི་ཐོག་བཀའ་མོལ་ཡག་པོ་གསུངས་གནང་སོང་།

ཐེངས་འདིའི་སྐུ་ཚབ་ཚོགས་པའི་ཁོངས་ཨ་རིའི་དམངས་གཙོ་ཚོགས་པའི་གོ་གནས་མཐོ་ཤོས་ཀྱི་འཐུས་མི་ཁ་ཤས་ཕྱོགས་སྐྱོད་ལ་ཕྱིན་པ་རེད། སྐུ་ཞབས་ཨེ་ལི་ཡཏ་ཨེན་གྷལ། ཁོང་ནི་ང་ཚོ་གྲོས་ཚོགས་འཐུས་མིའི་ཚོགས་པའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་རེད། སྐུ་ཞབས་ཇིམ་མེག་གྷ་ཝན། ཁོང་ནི་ང་ཚོས་ཕྱོགས་སྐྱོད་སྐུ་ཚབ་ཚོགས་པའི་ཆོས་ཀྱི་མགོ་ཁྲིད་རེད་ཅེས་ལབ་ཀྱི་ཡོད། དམངས་གཙོ་ཚོགས་པའི་བུད་མེད་ལྕམ་སྐུ་ཞབས་བྷེ་ཏི་མེག་ཀ་ལཱམ། ཁོང་མོ་བོད་དུ་བསྐྱོད་མྱོང་ཡོད་པ་དང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་མཁྱེན་རྒྱ་ཡངས་པོ་རེད། དམངས་གཙོ་ཚོགས་པའི་བུད་མེད་ལྕམ་སྐུ་ཞབས་ཇེ་དྷི་ཀཱུ། ཁོང་མོ་ནི་ཀཱེལ་ཕོ་ནི་ཡཱ་ས་གནས་ནས་རེད། ལྕམ་སྐུ་ཞབས་ཇཱོ་ཡེས་བྷི་ཌི། ཁོང་མོ་ནི་ཨོ་ཧི་ཡོ་ས་གནས་ནས་རེད། དེ་བཞིན། ལྕམ་སྐུ་ཞབས་པྲ་མི་ལ་ཇའེ་པཱལ། ཁོང་མོ་ནི་ཝ་ཤིང་ཏོན་མངའ་སྡེ་ནས་རེད། སྤྱིར་ང་ཚོ་རྒྱ་གར་ལ་བསླེབས་པར་ཚང་མས་ང་ཚོར་དགའ་མོས་བྱས་སོང་། འོན་ཀྱང་། དམངས་གཙོ་ཚོགས་པའི་བུད་མེད་པྲ་མི་ལ་ཇའེ་པཱལ་ལགས་ཀྱིས་ཁོང་མོའི་ལོ་རྒྱུས་བཤད་སྐབས་དམིགས་བསལ་གྱིས་ཁོང་ཚོས་དགའ་སྣང་ཤུགས་ཆེན་པོ་བྱས་སོང་། ཁོང་མོ་ནི་རྒྱ་གར་ལ་སྐྱེས་ནས་འཚར་ལོངས་བྱུང་བ་རེད།

གོང་དུ་བཤད་པ་ལྟར། བདུན་ཕྲག་སྔོན་མ་ང་ཚོ་ཇར་མན་དང་བྷེལ་ཇིམ། རྒྱ་གར། དེ་བཞིན། བལ་ཡུལ་སོགས་སུ་ཕྱིན་པ་ཡིན། ང་ཚོ་སྐུ་ཚབ་འཐུས་མི་རྣམས་ཀྱིས་གནད་དོན་མང་པོ་ཞིག་གིས་སྐོར་ལ་སྐད་ཆ་བཤད་པ་ལས་གཙོ་བོ་བོད་ཀྱི་སྐད་ཡིག་རིག་གཞུང་སྐོར་ལ་ཕན་ཚུན་བགྲོ་གླེང་བྱས་པ་ཡིན། སྐབས་དེར་ང་ཚོར་༸གོང་ས་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་བྱེད་རྒྱུ་གོ་སྐབས་བཟང་པོ་བྱུང་སོང་།

ང་ཚོ་ཚོགས་ཆུང་གིས་སེམས་འཚབ་ཆེ་ཤོས་དེ་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ཀྱི་ཐུན་མིན་པའི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། སྐད་ཡིག འགྲོ་བ་མིའི་ཐོབ་ཐང་སོགས་ནག་སུབ་གཏོང་བཞིན་པ་དང་། འཛམ་གླིང་ས་ཕྱོགས་གཞན་ནང་ཡོད་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱི་གནས་སྟངས་བཅས་ཡིན།

རྒྱ་ནག་གིས་སོ་སོའི་དཔལ་འབྱོར་གྱི་སྟོབས་ཤུགས་བེད་སྤྱོད་བྱས་ཏེ། བོད་ཀྱི་གྲོགས་པོ་འཛམ་གླིང་གི་རྒྱལ་ཁབ་ཁག་དང་། ཡང་ན་མི་མང་སྒེར་སུ་ཞིག་གིས་རང་ངོས་ནས་བོད་དོན་ཐོག་སྐད་ཆ་བཤད་སྐབས། རྒྱ་ནག་གིས་སྐད་ཆ་དེ་དག་མེད་པ་བཟོ་ཕྱིར་ཐབས་ཤེས་གང་ཡོད་ཅི་ཡོང་འབད་བརྩོན་བྱས་དང་བྱེད་བཞིན་པ་རེད། གལ་སྲིད་ང་ཚོས་རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ལ་འཇིགས་སྐྲག་བྱས་ཏེ། རྒྱ་གཞུང་གིས་རྒྱ་ནག་དང་བོད་ནང་བཙན་པོའི་དྲག་གནོན་བྱས་དང་བྱེད་བཞིན་པའི་སྐོར་ལ་གླེང་སློང་གང་ཡང་མ་བྱེད་པ་ཡིན་ཚེ། ང་ཚོས་འཛམ་གླིང་གི་ས་ཕྱོགས་གང་སར་འབྱུང་བཞིན་པའི་གནད་དོན་ཐད་སྐད་ཆ་བཤད་རྒྱུའི་བཟང་སྤྱོད་བརླག་གི་ཡོད་པ་རེད།

དེ་བཞིན། ང་ཚོའི་གྲོས་ཚོགས་ར་བའི་ནང་སྐུ་ཚབ་འཐུས་མི་ཚོས་ཚོགས་འདུ་ཚོགས་སྐབས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་སྐོར་ལ་རྒྱབ་སྐྱོར་དང་ཤུགས་གནོན་རྒྱག་གི་ཡོད། རང་སྲིད་རང་སྐྱོང་ལ་བརྟེན་ནས་བོད་ཀྱི་རིག་གཞུང་གོམས་སྲོལ། སྐད་ཡིག དེ་བཞིན་བོད་ནང་གི་བོད་མིའི་མི་འབོར་ལ་སྲུང་སྐྱོབ་ཐུབ་ཀྱི་རེད།

ཐེངས་འདིར་ང་ཚོར་བོད་མི་ཚོ་དང་དངོས་སུ་ཐུག་ནས་ཁོང་ཚོའི་མངོན་འདོད་རྣམས་གསལ་རྟོགས་ཐུབ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཐོབ་བྱུང་བ་མ་ཟད། ལྷག་པར་དུ་དྷ་རམ་ས་ལའི་བོད་ཁྱིམ་སློབ་ཕྲུག་ཚོའི་མིག་ནང་དུ་འཆར་བཞིན་པའི་བོད་དེ་ཧ་ཅང་གསལ་པོ་མཐོང་བྱུང་།

རྒྱ་ནག་ནང་གི་རྒྱ་མི་ཁ་ཤས་ལ་བོད་པར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ནི་རྩ་བ་ཉིད་ནས་སྒྲུབ་ཐུབ་ཐབས་མེད་པ་ལྟ་བུ་ཞིག་ཏུ་མཐོང་གི་འདུག འོན་ཀྱང་། ང་ཚོའི་མི་སེར་ཚོས་དེ་ནི་སྒྲུབ་ཐུབ་ཐབས་མེད་པ་ཞིག་མཐོང་གི་མེད། དེར་བརྟེན། ང་ཚོས་འབད་བརྩོན་བྱས་ནས་དེ་གཉིས་བར་གྱི་སྟོང་ཆ་དེ་ཉུང་དུ་བཏང་སྟེ། མི་ཡོང་བསམ་བཞིན་པའི་རྒྱ་ནག་དང་ཡོང་གི་རེད་བསམ་བཞིན་པའི་བོད་གཉིས་གཅིག་ཏུ་སྒྲིལ་ཐུབ་པ་བྱེད་དགོས།

དེ་བཞིན། སྤོབས་པ་ཆེན་པོ་ཐོག་སླར་ཡང་ཞུ་རྒྱུ་ཞིག་ལ། ཉེ་འཆར་༸གོང་ས་མཆོག་དང་མཇལ་འཕྲད་བྱུང་ཞིང་ཕེབས་བསུ་ཟབ་རྒྱས་ཞུས་པ་དེར་ཧ་ཅང་གི་དགའ་བོ་བྱུང་སོང་།

འཐུས་མི་གཞན་དག་རེ་རེ་བཞིན་གཏམ་བཤད་གནང་བའི་མཚམས་སུ་ཁོང་མོས་སླར་ཡང་ཁ་སྣོན་གཏམ་བཤད་སྤེལ་བ། 

ངས་ང་དང་མཉམ་དུ་འགྲོ་མཁན་འཐུས་མི་ཚང་མས་ཨ་རིའི་ཆེ་མཐོང་དང་བོད་ཀྱི་གནད་དོན་སྐད་ཡིག་དང་རིག་གཞུང་ཆེད་བློས་གཏོང་བྱས་པར་ཐུགས་རྗེ་ཞུ་རྒྱུ་ཡིན། ང་ཚོའི་སྐོར་སྐྱོད་སྐབས་མི་མང་དང་མགོ་ཁྲིད། དེ་བཞིན་གཞུང་མང་པོ་ཞིག་དང་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་སོང་། འདིས་ང་ཚོའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་། དཔལ་འབྱོར། ལས་ཀ རྒྱལ་ཁབ་ཀྱི་ཆེ་མཐོང་དང་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་ཆེད་དུའང་དགེ་མཚན་ཆེན་པོ་ཡོད་པ་ཞིག་ཆགས་སོང་།

ང་ཚོ་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་དུ་འགྲོ་སྐབས། སྐུ་ཞབས་སེན་སེན་བྷར་ནར་ལགས་ཀྱིས་ཁྲིམས་ཀྱི་འགྲོ་ལུགས་སྐོར་གྲོས་བསྡུར་བྱས་ཡོད་པ་དང་། སྐུ་ཞབས་ཨེན་གྷལ་ལགས་ཀྱིས་ང་ཚོའི་རྒྱལ་སྤྱིའི་འབྲེལ་ལམ་དང་གནད་དོན། དེ་བཞིན། རྒྱལ་ཁབ་ཀྱི་བདེ་འཇགས་སྐོར་ལ་སྐད་ཆ་བཤད་ཡོད། སྐུ་ཞབས་མེག་གྷ་ཝན་ལགས་ཀྱིས་འབྲེལ་ཡོད་འགྲོ་བ་མིའི་ཐོབ་ཐང་སྐོར་གཅིག་པུ་མིན་པར། ཞིང་ལས་སྐོར་ལའང་སྐད་ཆ་བཤད་པ་རེད། ལྕམ་སྐུ་ཞབས་བྷེ་ཏི་མེག་ཀ་ལཱམ་ལགས་ཀྱིས་རྒྱལ་ཁབ་ཀྱི་བདེ་སྲུང་དང་རང་བྱུང་ཁོར་ཡུག་སྐོར་ལ་སྐད་ཆ་བཤད་པ་རེད། ལྕམ་སྐུ་ཞབས་ཇེ་ཌི་ལགས་ཀྱིས་དཔལ་འབྱོར་དང་ཚོང་འབྲེལ་སྐོར་བཤད་པ་རེད། སྐབས་དེར་ང་ཚོའི་གཞུང་གིས་ས་མཚམས་ནས་དཔྱ་ཁྲལ་དམ་ལྷོད་ག་འདྲ་ཡོད་མེད་སྐོར་ལ་དོ་སྣང་ཆེན་པོ་བྱས་སོང་། ལྕམ་སྐུ་ཞབས་ཇའེ་པཱལ་ལགས་ཀྱིས་ཕྱིར་སྐྱོད་ལག་འཁྱེར་དང་མཐོང་ཆེན་སྐོར་ལ་སྐད་ཆ་བཤད་པ་རེད།

ང་ཚོའི་ཕྱོགས་སྐྱོད་འདིའི་སྐབས་སུ་སྐད་ཆ་བཤད་རྒྱུའི་གནད་དོན་མང་པོ་བྱུང་སོང་། འོན་ཀྱང་། ང་ཚོས་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་སྐོར་སྐད་ཆ་བཤད་པ་ཡིན།

རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་ང་ཚོར་སྣེ་ལེན་ཟབ་རྒྱས་གནང་སོང་། ང་ཚོས་སྲིད་བློན་མོ་དྷི་མཆོག་དང་རྒྱ་གར་བ་རྣམས་ཀྱིས་༸གོང་ས་མཆོག་གཙོས་བོད་མི་རྣམས་ཞི་བདེ་ལྷིང་འཇགས་ཐོག་ཕེབས་བསུ་དང་གནས་ཚང་གཡར་བར་ཐུགས་རྗེ་ཆེ་ཞུས་པ་ཡིན།

སྐུ་ཞབས་སེན་སེན་བྷར་ནར་ལགས་ཀྱིས་དྷ་རམ་ས་ལར་དགའ་བསུའི་མཛད་སྒོའི་ཐོག་གཏམ་བཤད་ཡག་པོ་གནང་སོང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་གསུང་བཤད་བཀའ་སློབ་ཀྱིས་ང་ཚོར་སེམས་ཤུགས་ཆེན་པོ་སྤར་སོང་། བཀྲ་ཤིས་བདེ་ལེགས།(གསར་འགོད་གསལ་བསྒྲགས་བྱེད་སའི་ཚོགས་ཀྱི་ཟུར་དུ་བོད་མི་རེ་གཉིས་ཡོད་སར་ཕྱོགས་ནས་ལག་བརྡ་བྱེད་ཀྱིན་) ཐུགས་རྗེ་ཆེ།

ང་ཚོ་བོད་ལ་བསྐྱོད་སྐབས་བོད་ནས་ཕྱིར་ལོག་རྗེས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་ཁར་བཅར་གྱི་ཡིན་བརྗོད་པ་ལྟར། ཐེངས་འདིར་ང་ཚོ་བོད་མིའི་གནད་དོན་ལ་རྒྱབ་སྐོར་མཚོན་ཕྱིར། གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་གཉིས་མཉམ་དུ་རྒྱ་གར་ལ་ཕྱིན་པ་རེད། ཆབ་སྲིད་ཚོགས་པ་གཉིས་མཉམ་དུ་ཕྱིན་པ་དེས་ང་ཚོའི་ཆེ་མཐོང་མཚོན་པ་རེད་ལ། ང་ཚོ་རྒྱལ་ཁབ་ཀྱིས་བོད་ཀྱི་གནད་དོན་ཐད་ལྟ་སྟངས་གང་འདྲ་ཡོད་པའང་བསྟན་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༠༥/༡༩

Leave a Reply